སྐུ་ཞབས་ཀོའོ་རྒྱལ་སྤྱིའི་ཉེས་ཅན་མི་སྣའི་ཐོ་གཞུང་ལ་བཅུག་ཡོད་ཟེར།

རྒྱ་ནག་གིས་ཨ་རིའི་ནང་གི་རྒྱ་རིཊ་ཀོའོ་རྒྱལ་སྤྱིའི་ཉེས་ཅན་མི་སྣའི་ཐོ་གཞུང་ལ་བཅུག་ཡོད་ཚུལ་བཤད་ནས་བཅར་འདྲིར་བཀག་རྒྱ་བཟོས་འདུག
ཨ་རིའི་ནང་གནས་སྡོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་ཚོང་པ་(Guo Wangui) ཟེར་བ་ཞིག་ Interpol རྒྱལ་སྤྱིའི་ཉེན་རྟོག་ལས་ཁང་གི་ཉེས་ཅན་མི་སྣའི་ཐོ་གཞུང་ནང་བཅུག་སྟེ་འཛིན་བཟུང་གི་བརྡ་ཁྱབ་བཏང་ཡོད་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Lu Kang གིས་བརྗོད་ཡོད་འདུག
རྒྱ་རིགས་ས་ཁང་ཉོ་ཚོང་གི་ཚོང་པ་Guo Wanghui ཟེར་བ་དེ་༢༠༡༤ལོར་རྒྱ་ནག་ནས་གློ་བུར་གར་སོང་ཆེ་མེད་དུ་གྱུར་བའི་རྗེས་སུ་ཨ་རིའི་ནང་གནས་སྡོད་བྱས་ཡོད་པ་དང་། འདས་པའི་ཟླ་ཤས་རིང་ཁོ་བོས་Twitter སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ནང་ལྐོག་ཟའི་ལམ་ལུགས་རྒྱ་ཁྱབ་ཇི་ཙམ་ཡོད་པ་སོགས་ཁོ་པས་རྒྱ་ནག་དཔོན་རིགས་ཁྲོད་ཀྱི་གསང་གནས་མང་དག་ཅིག་ཤེས་རྟོགས་ཡོད་ལུགས་དང་། རྒྱ་ནག་སྤྱིའི་ཁེ་ཕན་ལ་དམིགས་ཏེ་ལྐོག་ཟའི་གསང་གནས་དེ་དག་མང་ཚོགས་ཁྲོད་ཕྱི་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་པ་མ་ཟད། དེ་ལྟར་ཕྱིར་བསྒྲགས་ཆེད་ཕྱི་ཟླ་ ༤ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་ VOA ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་ཁོ་པར་དུས་ཡུན་ཆུ་ཚོད་གསུམ་གྱི་བཅར་འདྲིའི་ལེ་ཚན་གོ་སྒྲིག་བྱས་ཡོད་འདུག ཡིན་ནའང་དངོས་སུ་བཅར་འདྲི་འགོ་འཛུགས་བྱས་པའི་རྗེས་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་ནས་ཁོ་པར་ཚོུད་གསུམ་གྱི་བཅར་འདྲི་བྱ་རྒྱུའི་ཚབ་ཏུ་དུས་ཡུན་ཚོུད་༡ དང་ཕྱེད་ཙམ་སླེབས་སྐབས་གློ་བུར་བཅར་འདྲིའི་ལེ་ཚན་མཚམས་འཇོག་བྱས་ཡོད་ཅིང་། དེའི་ཐོག་སྤྱི་ཚོགས་དྲ་ལམ་སྟེང་མང་ཚོགས་ཁྲོད་ནས་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་བཞིན་ཡོད་པ་མ་ཟད། དེ་ལྟར་བཅར་འདྲི་མཚམས་འཇོག་བྱས་པ་དེ་རྒྱ་ནག་གཞུང་གི་གནོན་ཤུགས་དང་ཐེ་ཇུས་ལ་བརྟེན་ནས་ཡིན་པ་མང་པོས་བློ་དོགས་བྱེད་བཞིན་ཡོད་ལུགས་ཨེ་པི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་འདུག