རྒྱ་གར་གྱིས་རྒྱ་ནག་བཟོད་སྒོམ་དང་ཞི་བའི་ཐབས་ལམ་བཟུང་བ།

མ་ཟིན། ཌག་ཌར་ཨ་ཤི་ན་རེན་རོའི། དྷི་ལི་སྤྱི་ཚོགས་ཚན་རིག་མཐོ་སློབ་ཀྱི་འགན་འཛིན།

རྡོག་ལམ་དུ་འཕྲད་བཞིན་པའི་རྒྱ་དཀར་ནག་གི་འགལ་ཟླ་དང་གནད་དོན་དེའི་ཐོག་ལ་པེ་ཅིང་གིས་དབང་གཤེད་ཆེན་པོ་བྱེད་བཞིན་པ་གཉིས་ཀ་གྱ་གྱུ་ཅན་དང་ཕམ་ཁ་ཅན་ཞིག་ཆག་ཡོད། ཐབས་བྱུས་དཔྱད་ཞིབ་པས་རྒྱ་ནག་གསར་འགྱུར་བརྒྱུད་ལམ་གྱིས་རྒྱུན་ལྡན་མིན་པའི་ཚིག་རྩུབ་བེད་སྤྱོད་བྱེད་པ་དེར་དོ་སྣང་བྱེད་ཀྱི་ཡོད། མངའ་ཁུལ་དེར་དམག་དུང་སྒྲིག་འཛུགས་བྱེད་པ་འདི་ལྟ་ཞིག་དེ་སྔ་བྱུང་མྱོང་མེད། ད་ལྟའི་འགལ་ཟླ་འདི་བཞིན་ཟླ་ ༦ ཚེས་ ༡༦ ཉིན་རྒྱའི་དམག་དཔུང་ཚོ་ཁག་གཅིག་དང་འཛུགས་བསྐྲུན་འཁྲུལ་འཁོར། དེ་བཞིན་ལམ་བཟོའི་ཡོ་ཆས་བཅས་པ་ལྷོ་ཕྱོགས་སུ་བསྐྱོད་དེ་འབྲུག་གི་ས་ཁོངས་ནང་འཛུལ་བའི་རྗེས་ནས་འགོ་ཚུགས་པ་རེད། འབྲུག་དང་རྒྱ་གར་གཉིས་དབར་དམག་དོན་དང་དཔལ་འབྱོར་གྱི་འབྲེལ་བ་ཟབ་མོ་ཡོད་ཅིང་རྒྱའི་དམག་དཔུང་བཀག་འགོག་ཕྱིར་རྒྱ་གར་གྱི་དམག་དཔུང་གཏོང་རོགས་ཞེས་ཐིམ་ཕུ་ནས་རེ་བསྐུལ་ཞུས་པ་ཞིག་ཆག་ཡོད།

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱིས་དབང་ཤུགས་ངོམས་ཏེ་རྒྱ་གར་ལ་སྡིག་ར་བསྐུལ་བཞིན་ཡོད་ཀྱང་རྒྱ་གར་གྱིས་ཡ་ལན་བྱེད་ཕོགས་བརྟན་པོ་ཡོད་པ་གང་ཞིག་གནས་ཚུལ་དུ་ཞི་འཇམ་ཡོང་ཐབས་འབད་བརྩོན་ཡང་བྱེད་བཞིན་ཡོད། གནད་དོན་དེའི་ཐད་ལ་རྒྱ་ནག་གིས་བཙན་གཤེད་ཀྱི་ཐབས་ལམ་ཞིག་བཟུང་པ་དེའི་རྒྱུ་མཚན་རྟོགས་དཀའ་བ་ཞིག་མིན། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཁྲིད་པའི་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་དང་འབྲེལ་བ་བྱེད་སྟངས་མཚོན་པའི་གནད་དོན་སྣ་ཚོགས་ཤིག་གི་ཐོག་ལ་ཁོང་ཁྲོ་སློང་ངེས་ཀྱི་བཙན་གཤེད་བྱེད་བཞིན་ཡོད་པ་རེད། པེ་ཅིང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ལ་དབང་གཤེད་བྱས་པ་དེས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་འགུལ་བསྐྱོད་བྱེད་དགོས་པ་བཟོས་པ་རེད།

རྒྱ་ནག་འགོ་འཀྲིད་ཀྱིས་ང་ཚོའི་དུས་ཚོད་ལ་གནས་ཏེ་སོ་སོ་ཡར་རྒྱས་ལ་དམིགས་ཅེས་དང་འོད་སྣང་བཀུང་ཏེ་སྨག་མུན་གསོ་སྐྱོང་ཅེས་པའི་པའི་རྩ་ཚིག་སྒྲོགས་པའི་དུས་སྐབས་དེ་མཇུག་རྫོགས་པ་རེད། ཉེ་འཆར་གྱི་ཉམས་མྱོང་ལ་གཞིགས་ཚེ་རྒྱ་ནག་གིས་ཡང་ཡང་ནན་བསྐུལ་བྱེད་བཞིན་པའི་ཞི་བདེ་དང་མཛའ་མཐུན་གྱི་འཕེལ་རྒྱས་ཅེས་པ་དེ་དོན་མཏུན་ལག་བསྟར་བྱེད་ཀྱི་མེད། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རེ་ཛར་ཊི་ཛར་ནེ་ཀི་ཡིས་དབང་ཤུགས་ཆེན་པོའི་ངང་རྒྱ་ནག་གིས་རྒྱལ་སྤྱིའི་ལུགས་སྲོལ་ལས་འགལ་བའི་ཕྱི་འབྲེལ་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་ཅེས་བཤད་ཡོད། པེ་ཅིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོ་ཚོའི་ཞི་བའི་འཕེལ་རྒྱས་དེས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གནོན་ཤུགས་སྤྲད་ཀྱི་མ་རེད་ཅེས་བཤད་པ་དེ་ད་ཆ་རྫུན་སྐུབ་རྡོལ་བ་རེད།

རྒྱ་ནག་མི་མང་གིས་རྒྱ་ནག་རྒྱལ་ཁབ་སླར་གསོའི་རྨི་ལམ་ཞེས་པ་དེའི་རྒྱབ་ལ་རྒྱའི་སྲིད་འཛིན་ཞི་ཅིན་ཕིང་གི་སྟོབས་ཤུགས་དང་ལྗི་ཚད་ཇི་ཡོད་འཛམ་གླིང་གིས་མཐོང་ཟིན་པ་རེད། མཁས་དབང་ཁ་ཤས་ཀྱིས་རྒྱ་ནག་གི་འདས་པའི་ལོ་རྒྱུས་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཆུང་བ་རྣམས་ལ་མིང་ཙམ་གྱི་དབང་བསྒྱུར་ལ་ཁ་གཡར་ཏེ་ས་མཚམས་རྒྱ་བསྐྱེད་བྱེད་པའི་སྤྱོད་ཚུལ་དེ་དྲན་གསོ་བྱས་ཡོད། རྒྱ་ནག་རྒྱལ་པོ་རྣམས་ཀྱི་དམག་དཔུང་བཙན་འཛུལ་བྱས་པར་ནམ་ཡང་དགོངས་སེལ་ཞུ་སྲོལ་མེད་པ་རེད།

ད་ལྟའི་ངོ་གཏུགས་ཀྱི་སྤྱོད་ལམ་དེར་ཡང་ནང་ཁུལ་གྱི་རྒྱུ་རྐྱེན་ཡོད་ཚུལ་བཤད་ཀྱི་ཡོད། སྲིད་འཛིན་ཞི་ཅིན་ཕིང་གིས་རང་ཉིད་ཕྱོགས་ཡོངས་ཀྱི་འགོ་འཁྲིད་ཅིག་ཏུ་བསྒྱུར་ཟིན་ཅིང་ད་ཆ་ཁོའི་དབང་ཆ་དང་ཤུགས་རྐྱེན་ལ་ཞེད་སྣང་བྱེད་དགོས་པ་ཞིག་ཆག་ཡོད། ཁོ་ཉིད་ཕྱི་ལོ་ ༢༠༡༢ ལོར་འགོ་འཁྲིད་དུ་བསྐོས་པ་དང་དེ་ནས་བཟུང་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་དབང་ཆ་རིམ་པས་བཟུང་བ་རེད། ཁོའི་ལམ་གཅིག་དང་སྐེ་རག་གཅིག་ཅེས་པའི་ལས་གཞི་དེས་རྒྱལ་སྤྱིའི་ཐོག་ཁོ་ལ་ལྟ་ཚུལ་ཆེན་པོ་བྱུང་བ་རེད། མང་པོ་ཞིག་གི་མཐོང་ཚུལ་ལ་འབྱུང་འགྱུར་རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་ཞི་ཅིན་ཕིང་བསྐྱར་དུ་སྲིད་འཛིན་ལ་བསྐོ་རྒྱུ་དེ་དང་རྒྱ་གར། རྒྱ་ནག འབྲུག་བཅས་ཀྱི་ས་མཚམས་སུ་འཁྲུགས་རྐྱེན་སློང་བའི་བྱ་སྤྱོད་དེ་གཉིས་དབར་ལ་འབྲེལ་བ་ཡོད་པ་རེད།

རྒྱ་ནག་གསར་འགྱུར་བརྒྱུད་ལམ་གྱི་ཁོང་ཁྲོ་སློང་གཞིའི་སྐད་ཆ་དེ་དག་དང་བསྡུར་ན་རྒྱ་གར་གྱི་ལན་འདེབས་དེ་དག་ཞི་འཇམ་པ་དང་། ཚོད་འཛིན་ཆེ་བ། གནས་ཚད་མཐོ་བ་ཡོད། འགལ་ཟླའི་ཐོག་ལ་གསར་འགྱུར་བརྒྱུད་ལམ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱས་ཟིན་པ་རེད། གནས་སྟངས་དེའི་ཐོག་སྐད་ཆ་བཤད་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་ལམ་ཁ་ཡོད་བཞིན་པ་རེད་ཅེས་བཤད་ཡོད། ཉེ་ཆར་ཕྱི་འབྲེལ་སྲུང་ཆེ་ S Jaishankar གྱིས། རྒྱལ་ཁབ་གཉིས་དབར་གནས་དོན་དེ་སེལ་མ་ཐུབ་པའི་རྒྱུ་མཚན་མེད་ཚུལ་བཤད་པ་རེད། སྐུ་ཞབས་ Jaishankar གྱིས་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་མི་འདྲ་བའི་ཆ་དེ་རྩོད་གཞི་ཞིག་ཏུ་བསྒྱུར་མི་རུང་ཞེས་བཤད་ཡོད་ཀྱང་རྒྱའི་གསར་འགྱུར་བརྒྱུད་ལམ་གྱིས་མུ་མཐུད་དཀྲོགས་གཏམ་སྤེལ་བཞིན་ཡོད། ཤིན་ཧ་གསར་འགྱུར་བརྒྱུད་ལམ་གྱིས་ས་མཚམས་ནི་མཐའ་མཚམས་ཡིན་པས་རྒྱ་གར་དམག་དཔུང་ཕྱིར་འཐེན་མ་བྱེད་བར་གྲོས་མོལ་བྱེད་ས་མེད་ཅེས་བཤད་པ་དེས་གནད་དོན་སེལ་བར་ཕན་ཐོགས་ཐུབ་ཀྱི་མེད།

ཇི་ལྟར་ཀྱང་ཕྱོགས་གཉིས་ཀའི་ཚོང་འབྲེལ་གྱི་ཁྱབ་ཚད་ལ་གཞགས་ཏེ་གནས་ཚུལ་ཞི་འཇམ་ཡོང་ཐབས་ཀྱི་ལམ་ཁ་ཞིག་བཙལ་དགོས་ཀྱི་ཡོད། འགལ་ཟླ་དེ་ལྟར་ཞིག་འཕྲད་བཞིན་པའི་སྐབས་དེར་རྒྱ་གར་གྱིས་བློན་ཆེན་རྒན་པ་ཞིག་པེ་ཅིན་དུ་ BRICS ཚོགས་འདུར་བཅར་བ་རེད། སྲིད་བློན་མོ་དི་མཆོག་གིས་ཧམ་ནྷག་ཏུ་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཏེ་གནད་དོན་མང་པོ་ཞིག་གི་ཐོག་ལ་གླེང་མོལ་གནང་བ་རེད། རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་ཨ་ཇིཏ་དོ་ཝལ་པེ་ཅིང་དུ་ BRICS NSA ཡི་ཚོགས་འདུར་བཅར་གཏན་འཁེལ་ཡོད།

རྒྱ་གར་སྲིད་གཞུང་གིས་ཕྱོགས་འགལ་ཚོགས་པར་གནས་སྟངས་དེར་འབྲེལ་བ་བྱེད་སྟངས་ཐོག་ལ་རྒྱ་གར་གྱིས་ཞི་བ་དང་བཟོད་སྒོམ་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད། རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐབས་བྱུས་ཐོག་ནས་བཙན་གཤེད་ཀྱི་སྤྱོད་ལམ་དེ་ཤེས་རྟོགས་ཐུབ་ཀྱི་ཡོད། ཁྱེད་རང་རི་རྩེར་ཡོད་སྐབས་གྲང་ངར་ལ་ངོ་རྒོལ་བྱེད་མི་ཐུབ་ཅེས་ཚང་མས་བཤད་ཀྱི་ཡོད།