བྷན་གྷལ་མཚོ་འབྲེལ་གྱི་སྣ་ཚོགས་ཁྱབ་ཁོངས་དང་དཔལ་འབྱོར་མཉམ་ལས་ཀྱི་ལས་གཞིའི་ཐོག་འབྲེལ་ཡོད་བློན་ཆེན་རྣམས་ཀ་ཐ་མན་ཊུར་ལྷན་འཛོམས་གནང་བ།

མ་ཟིན། ར་ཏན་སལ་དི། ཆབ་སྲིད་འགྲེལ་བརྗོད་པ།

ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་བྷན་གྷལ་མཚོ་འབྲེལ་རྒྱལ་ཁབ་ནང་ཁུལ་ལ་མཉམ་ལས་རྒྱ་བསྐྱེད་གཏོང་ཕྱིར་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཊུ་རུ་ལྷན་འཛོམས་གནང་སྟེ་བྷན་གྷལ་མཚོ་འབྲེལ་གྱི་སྣ་ཚོགས་ཁྱབ་ཁོངས་དང་དཔལ་འབྱོར་མཉམ་ལས་ལས་གཞིའི་ཚོགས་འདུ་ཐེངས་ ༡༥ པ་དེ་འཚོགས་པ་རེད། རྒྱལ་ཁབ་རྣམས་ནི། བྷང་ལ་དེ་ཤི་དང་། འབྲུག རྒྱ་གར། བལ་ཡུལ། ཤྲི་ལངྐ། མ་ཡན་མར། ཐཱའི་ལེན་ཊི་བཅས་ཡིན་པ་རེད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་སྭ་རཱཇ་ཡིས་ཉིན་གཉིས་ཀྱི་ཚོགས་འདུ་དེར་ཆ་ཤས་བླངས་ཡོད་པ་རེད། འདི་ལོའི་ཟླ་ ༧ པའི་ནང་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་འཁྲིད་ཤེར་བ་དུར་ཌུ་པ་དང་མོའི་སི་ཚོགས་པའི་འགོ་འཁྲིད་པུ་ཤི་པ་ཀ་མལ་ད་ཁལ་གཉིས་དབར་དབང་ཆ་བགོ་འགྲེམ་བྱས་ཏེ་ཤེར་བ་དུར་ཌུ་པ་ཡིས་གཞུང་བཟུང་བའི་རྗེས་ལ་ཧི་མ་ལ་ཡའི་རྒྱལ་ཁབ་དེར་རྒ་གར་གྱི་ཆེས་མཐོའི་སྐུ་ཚབ་ཕེབས་པ་ཐེངས་དང་པོ་ཆག་ཡོད་པ་རེད།

བལ་པོའི་སྲིད་བློན་ཌུ་པ་ཡིས་ཚོགས་འདུ་དབུ་འབྱེད་གནང་བ་དང་སྦྲགས། བྷན་གྷལ་མཚོ་འབྲེལ་རྒྱལ་ཁབ་རྣམས་ཀྱི་ངོས་ནས་མངའ་ཁུལ་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་ཐུབ་ཐབས་ཆེད་མཉམ་ལས་གཏིང་ཇི་ཟབ་དང་གྲོགས་འབྲེལ་ཤུགས་ཇི་ཆེར་གཏོང་དགོས་པའི་ནན་སྐུལ་ཞུས་པ་དང། སྐུ་ཚབ་རྣམས་ལ་དྲན་བསྐུལ་ཞུས་པ་ཞིག་ནི། འཛམ་གླིང་གི་མངའ་ཁུལ་གཞན་ལྟར་བྷན་གལ་མཚོ་འབྲེལ་མངའ་ཁུལ་དུའང་རྒྱལ་ཁབ་ཕན་ཚུན་གྱི་འཚེ་བ་དང་། འཇིགས་བསྐུལ་བྱ་སྤྱོད། ཉེས་ཐག་ལྐོག་ཚོང་། ཁྲིམས་འགལ་གྱི་གོ་མཚོན་ཚོང་འབྲེལ་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དེར་བརྟེན་ནད་ཡམས་དེ་དག་ལ་གདོང་ལེན་ཕྱིར་ཚང་མས་མཉམ་རུབ་ཐོག་འབད་བརྩོན་དགོས་པའི་ནན་སྐུལ་ཞུས་ཡོད། ཚོགས་འདུ་དེའི་ནང་ཁྱབ་ཁོངས་ཁག་བཅུ་བཞི་ཆེད་དུ་དམིགས་ཡོད་པ་ནི། ཚོང་ལས་དང་། མ་འཇོག ནུས་ཤུགས། ཡུལ་སྐོར་སྤྲོ་འཆམ། སོ་ནམས་ཞིང་ལས། དབུལ་སྒྲོལ། འཇིགས་བསྐུལ་རིང་ལུགས་ལ་གདོང་ལེན། འཁོར་ཡུག གནམ་གཤིས་འགྱུར་ལྡོག་བཅས་ཡིན་པ་རེད། དེ་སྔོན། མངའ་ཁུལ་གྱི་མཉམ་ལས་ཤུགས་ཇི་ཆེ་དགོས་པ་དེ་གཙོ་བོར་བཟུང་སྟེ། བྷན་གྷལ་མཚོ་འབྲེལ་རྒྱལ་ཁབ་རྣམས་ཀྱི་འགོ་འཁྲིད་ཆེ་གྲས་རྣམས་ཀྱི་ཚོགས་འདུ་ཐེངས་ ༡༨ པའི་ཐོག་བྷན་གྷལ་མཚོ་འབྲེལ་རྒྱལ་ཁབ་འཐུས་མི་རྣམས་ཀྱི་དབར་ལ་ཚོང་ལས་གུ་ཡངས་ཀྱི་ཁྱབ་ཁོངས་གྲོས་མཐུན་གཏན་འབེབ་བྱེད་དགོས་ཀྱི་ཡོད་པའི་ནན་བརྗོད་བྱས་ཡོད་པ་རེད།

བྷན་གྷལ་མཚོ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་འདུའི་ཞོར་ལ་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ཀ་ཐ་མན་ཊུ་རུ་བལ་པོའི་འགོ་འཁྲིད་རྣམས་དང་ལྷན་དུ་ཕྱོགས་གཉིས་ཀྱི་བགྲོ་གླེང་གནང་ཡོད་པ་རེད། དེ་དག་ནི་རྒྱལ་ཁབ་གཉིས་ཀར་ཆེས་གལ་འགངས་ཆེ་ཤོས་ཤིག་ཆག་གི་ཡོད་པ་རེད། ཕྱོགས་ཕེབས་དེ་བཞིན་བལ་ཡུལ་དུ་ཌུ་པ་སྲིད་གཞུང་ལ་ལས་འགན་ཆེན་པོ་ཞིག་འཕྲད་བཞིན་པའི་དུས་སྐབས་ཤིག་ལ་འཁེལ་ཡོད་ཅིང་། ཌུ་པའི་ངོས་ནས་བཤད་ན་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༡ ལ་ད་ལྟའི་སྲིད་གཞུང་གི་གཞུང་འཛིན་དུས་ཡུན་རྫོགས་མཚམས་སུ་འཁེལ་བའི་འོས་བསྡུའི་ནང་མ་དེ་ཤི་ཚོགས་པ་རྣམས་འཛུལ་བཞུགས་ཐུབ་པ་བཟོ་དགོས་པ་ཆག་གི་ཡོད་ཅིང་། འོན་ཀྱང་བལ་ཡུལ་དང་རྒྱ་གར་ས་མཚམས་ཀྱི་ས་ཁུལ་ཁག་གཅིག་ལ་རྩ་ཁྲིམས་ནང་ཁ་གསལ་ཐོབ་ཐང་མ་འཁོད་པ་དེ་དག་ལ་བསྐྱར་དུ་རྩ་ཁྲིམས་བསྐྱར་བཅོས་ཀྱིས་ས་མཚམས་བསྐྱར་སྒྲིག་བྱས་ཏེ་རྒྱལ་ཡོངས་འོས་བསྡུ་མ་སླེབས་གོང་ལ་ས་གནས་ཀྱི་འོས་བསྡུ་ཆགས་ཚུད་ཡོང་བ་བཟོ་དགོས་པ་ཞིག་ཆག་ཡོད་པ་རེད།

ལྕམ་སྐུ་སྭ་རཱ་ཇ་ཡི་ཕྱོགས་ཕེབས་དེ་་གལ་གནད་ཆེན་པོ་ཞིག་ཆག་ཡོད་པ་ནི། ཚོགས་འདུ་དེ་བཞིན་པེ་ཅིང་དང་དྷི་ལི་གསར་པ་གཉིས་དབར་གཉིས་འབྲུག་གི་ས་མཚམས་འབྲོག་ལམ་དུ་འགལ་ཟླ་ཞིག་འཕྲད་བཞིན་པའི་སྐབས་ལ་ཁེལ་ཡོད། བལ་ཡུལ་གྱི་ས་མཚམས་ཁག་ཅིག་རྒྱ་དཀར་ནག་གཉིས་དང་འདྲེས་ཡོད་སྟབས་ཁོ་ཚོར་ཡང་སེམས་འཚབ་གཅིག་མཚུངས་སུ་ཡོང་གི་ཡོད་པ་རེད། གནས་ཚུལ་དེ་བཞིན་བལ་ཡུལ་གྱི་གྲོས་ཚོགས་སུའང་གླེང་སློང་བྱུང་ཡོད་པ་རེད། ཇི་ལྟར་ཀྱང་། ཀ་ཐ་མན་ཊུའི་འགོ་འཁྲིད་རྣམ་པས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐོག་ནས་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཁོ་ཚོའི་ལངས་ཕྱོགས་གསལ་པོ་བཟོས་ཡོད་པ་རེད། ལྕམ་སྐུ་སྭ་རཱཇ་མཆོག་ཀ་ཐ་མན་ཊུར་ཕེབས་པའི་བདུན་ཕྲག་རྗེས་མར། རྒྱ་ནག་གི་སྲིད་བློན་གཞོན་པ་བཞི་ཡོད་པའི་ནང་ནས་ཝང་ཡང་གིས་འགོ་འཁྲིད་པའི་ཆེས་མཐོའི་སྐུ་ཚབ་གཅིག་ཀ་ཐ་མན་ཊུར་སླེབས་རྒྱུ་ཡིན་འདུག་པ་ནི་པེ་ཅིང་གྱིས་བལ་ཡུལ་དང་ལྷན་དུ་ཐབས་བྱུས་ཟླ་གྲོགས་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། རྒྱ་ནག་གིས་བལ་ཡུལ་དང་ལྷན་དུ་ཚོང་ལས་དང་། མ་འཇོག ནུས་ཤུགས། མེ་འཁོར། རྒྱ་ལམ་བཅས་ཀྱི་ཁྱབ་ཁོངས་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

ལྕམ་སྐུ་སུ་ཤི་མ་མཆོག་ཀ་ཐ་མན་ཊུར་བཞུགས་རིང་ཁོ་མོས་བལ་ཡུལ་གྱི་སྲིད་འཛིན་བྷི་དྱ་དེ་ཝི་བྷན་ཌ་རི་དང་སྲིད་བློན་ཤེར་བ་དུར་ཌུ་པ་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་རེད། བློན་ཆེན་མཆོག་གིས་དབུ་འཁྲིད་གཉིས་ཀ་དང་ལྷན་དུ་རྨང་གཞི་འཛུགས་བསྐྲུན་ཡར་རྒྱས་དང་། ནུས་ཤུགས། འབྲེལ་མཐུད། ཆུ་མཛོད་གློག་ཤུགས་འདོན་སྤེལ་མཉམ་ལས་རྒྱ་སྐྱེད་བཅས་ཀྱི་ཁྱབ་ཁོངས་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུའི་ཐབས་ལམ་གྱི་ཐོག་ལ་བགྲོ་གླེང་གནང་བ་རེད། ཁོ་མོས་ད་དུང་བལ་ཡུལ་གྱི་སྲིད་བློན་ཟླ་ ༨ པའི་ཚེས་ ༢༣ ཉིན་རྒྱ་གར་དུ་ཕེབས་རྒྱུའི་གནད་དོན་ཐོག་ལའང་གོ་བསྡུར་གནང་བ་རེད། ཕྱོགས་ཕེབས་དེ་བཞྀན་སྐུ་ཞབས་ཌུ་པ་མཆོག་སྲིད་བློན་དུ་འཁོད་ནས་ཕྱིའི་རྒྱལ་ཁབ་ཏུ་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཆག་རྒྱུ་ཡིན་པ་རེད། ལྕམ་སྐུ་སུ་ཤི་མ་མཆོག་གིས་ད་དུང་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་ཀྲི་ཤི་ན་བ་ཧ་དུར་མ་ཧ་ར་དང་ལྷན་དུ་བགྲོ་གླེང་ཁྱབ་ཆེན་པོ་གནང་སྟེ་བལ་ཡུལ་ནང་ཡོད་པའི་རྒྱ་གར་གྱིས་མ་རྩ་བཏོན་པའི་ལས་འཆར་རྣམས་ལ་བསྐྱར་བཅོས་གནང་ཡོད་པ་རེད། ཟླ་རྗེས་མའི་ས་གནས་འོས་བསྡུ་རིམ་པ་གསུམ་པ་མ་སླེབས་གོང་ལ་རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་རེ་འདུན་བཏོན་མཁན་བལ་ཡུལ་རཱ་ཤི་ཊྲི་ཡ་ཇ་ན་ཏ་ཚོགས་པའི་སྐུ་ཚབ་ཚོགས་པ་ཞིག་གིས་རྒྱ་གར་གྱི་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ་རེད།

བལ་ཡུལ་དུ་ཆབ་སྲིད་ཀྱི་ཁེ་དབང་ལ་འཐབ་རྩོད་བྱེད་མཁན་རྣམས་ཀྱི་ཁ་ཕྱོགས་མི་མཐུན་པར་རྟེན། ཌུ་པ་སྲིད་གཞུང་གིས་རྩ་ཀྲིམས་བསྐྱར་བཅོས་ཆེད་དུ་གྲོས་ཚོགས་ནང་སྐུབ་སྟེགས་གསུམ་ཆ་གཉིས་བླང་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆག་ཡོད། རྒྱ་གར་གྱི་ངོས་ནས་བཤད་ན། དུས་རྟག་ཏུ་བལ་ཡུལ་ནང་ཞི་བདེ་དང་། བདེ་འཇགས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ཁོ་ན་དམིགས་ཡུལ་དུ་བཟུང་བཞིན་ཡོད་པ་རེད།