ཝི་ནིཏ་ཝ་ཧི། གསར་འགོད་པ།

རྒྱ་གར་དང་ཇ་མེ་ཁ་ཡི་འབྲེལ་བ། སྐྱ་རེངས་གསར་པ་ཞིག

ཁེ་རི་བྷེན་རྒྱ་མཚོའི་ངོགས་སུ་ཆགས་པའི་ཨའི་སི་ལེནྚི་ཡི་རྒྱལ་ཁབ་ཇ་མེ་ཁའི་ཕྱི་འབྲེལ་དང་ཕྱི་ཚོང་བློན་ཆེན་ལྕམ་ཀ་མི་ན་ཇོན་སོན་སི་མིཐ་ཕྱོགས་ཕེབས་གནང་བ་འདིའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་མདུན་བསྐྱོད་ཆེན་པོ་ཞིག་ཐུབ་རྒྱུ་ཡིན་པ་རེད། དེའི་ཐོག་ནས་ད་དུང་ཕྱོགས་གཉིས་ཀྱི་ཚོང་ལས་འབྲེལ་ལམ་ཡང་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་རེད། ད་རེས་ཀྱི་ཕེབས་ཐེངས་འདི་བཞིན་ད་བར་ཇ་མེ་ཁའི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་པ་ཐོག་མ་དེ་ཆག་ཡོད་པ་དང་བསྟུན་ཏེ་དྷི་ལི་གསར་པ་དང་ཀིང་སི་ཊོན་དབར་ལ་ཕྱི་རྒྱལ་ལས་ཁངས་ཀྱི་ཚོགས་འདུ་ཐེངས་ ༥ པ་དེ་ཚུགས་པ་རེད། རྒྱ་གར་གྱིས་ཇ་མེ་ཁ་དང་ལྷན་དུ་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུར་གལ་གནད་ཆེན་པོ་བཞག་གི་ཡོད། དེ་ཡང་འདས་པའི་ལོ་གཉིས་ནང་མངའ་སྡེའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཌག་ཌར་ཝི་ཀེ་སིང་གིས་ཀིང་སི་ཊོན་དུ་ཐེངས་གཉིས་ཕེབས་ཡོད་པའི་གནས་ཚུལ་ལས་ཤེས་ཐུབ།

ལྕམ་སི་མིཐ་ཡིས་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤི་མ་སྭ་རཱཇ་དང་ཐུག་འཕྲད་གནང་བ་རེད། དབུ་འཁྲིད་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་རྣམ་པ་སྣ་ཚོགས་ཤིག་དང་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་ས་གནས་དང་ཕྱོགས་མང་གི་གནད་དོན་གལ་ཆེན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་གནང་བ་རེད། ཁོང་རྣམ་གཉིས་ནས་ཚོང་ལས་དང་། མ་འཇོག འཕྲོད་བསྟེན། ཡུལ་སྐོར། ནུས་ཤུགས་སྤེལ་ཆ། སོ་ནམས་ཞིང་ལས། རིག་གཞུང་། དེ་མིན་ཁྱབ་ཁོངས་གཞན་ཁག་བཅས་ཀྱི་ཐོག་ལ་མཉམ་ལས་བྱ་རྒྱུར་དམིགས་འབེན་གཙོ་བོར་བཟུང་བ་རེད། ཇ་མེ་ཁའི་བློན་མཆོག་གིས་ཁོང་གི་རྒྱལ་ཁབ་ལ་རྒྱ་གར་ངོས་ནས་ཨ་སྒོར་ ༡༥༠༠༠༠  ཡི་རིན་ཐང་ལྡན་པའི་སྨན་ཞལ་འདེབས་གནང་བ་དང་ཉེ་ཆར་རླུང་ཚུབ་ཀྱི་གཏོར་སྐྱོན་ཕོག་པའི་ལུང་པ་ཁག་ལ་ཨ་སྒོར་ ༢༠༠༠༠༠ ཞལ་འདེབས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

ཇ་མེ་ཁའི་བློན་ཆེན་མཆོག་གིས་ཡུལ་སྐོར་བློན་ཆེན་སྐུ་ཞབས་ཀེ་ཇེ་ཨལ་ཕོན་དང་མཇའ་འཕྲད་གནང་བ་དང་དེའི་ཞོར་ལ་འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་སྡུག་བློན་ཆེན་སྐུ་ཞབས་ཇེ་པི་ན་ཌ་དང་མཇའ་འཕྲད་གནང་སྟེ་ཡུལ་སྐོར་དང་འཕྲོད་བསྟེན་གྱི་ཁྱབ་ཁོངས་ཀྱི་ཐོག་ལ་མཉམ་ལས་ཀྱི་གྲོས་བསྡུར་གནང་བ་རེད། རྒྱ་གར་གྱི་ (FICCI) དང་བཀའ་མོལ་ཡང་གནང་བ་རེད། ཁོང་གིས་ད་དུང་མུམ་བྷེ་རུ་ཡོད་པའི་རྒྱ་གར་གྱི་ཕུལ་བྱུང་ IT ཁག་དང་ཚོད་ལས་ཁག་དང་ཐུག་འཕྱད་གནང་བ་རེད།

རྒྱ་གར་དང་ཇ་མེ་ཁའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་འབྲེལ་བཅས་ཀྱི་ཐོག་ལ་བཀའ་མོལ་ཤུགས་ཆེན་པོ་མ་བྱུང་བ་དེ་བཞིན་དཔལ་འབྱོར་ཚད་གཞི་ཆུང་བ་དང་བར་ཐག་རིང་བ་བཅས་ལ་ཐུག་ཡོད་པ་རེད། ཇི་ལྟར་ཀྱང་ཀེ་རི་བྷེན་དང་ལྷན་དུ་ཇེ་ལྟར་འདོད་པ་ལྟར་གྱི་ཚོང་འབྲེལ་དེ་ད་ཆ་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱ་གར་གྱིས་ཕྱི་ལོ་ ༢༠༠༩ ལོར་ཇ་མེ་ཁའི་ནང་ ICT ནུས་ཤུགས་ཡར་རྒྱས་ལས་འཆར་གྱི་འོག་ནས་ IT བསྟི་གནས་ཤིག་བཙུགས་སྐབས་ཕྱི་ལོ་ ༢༠༠༡ ལོར་རྒྱ་གར་གྱིས་ཆུ་མདའ་ནང་འདྲེན་ཆེད་དུ་ཨ་སྒོར་ས་ཡ་ ༧.༥ མཁོ་སྤྲོད་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༤ ལོར་ཨའི་སི་ལེནྚི་ཡི་ནང་རླུང་ཚུབ་ཀྱིས་གཏོར་རྐྱོན་བྱུང་སྐབས་གནོད་འཚེ་ཕོག་ཡུལ་མི་སེར་རྣམས་ཀྱི་སྨན་མཁོ་སྤྲོད་ཆེད་ཨ་སྒོར་ས་ཡ་ ༢༠༠༠༠༠ རོགས་རམ་བྱས་པ་དེ་བཞིན་རྒྱ་གར་གཞུང་གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རོགས་སྐྱོར་ཚུལ་དུ་སྤྲད་ཡོད་པ་རེད། ས་བྷི་ན་སྐྱེད་ཚལ་དུ་ཆུ་ལོག་གི་གློག་གཞུ་བཙུགས་ཆེད་དུ་རྒྱ་གར་གྱིས་ཨ་སྒོར་ས་ཡ་ ༢.༡ གི་རོགས་རམ་བྱ་རྒྱུའི་ཆེད་ཕྱི་ལོ་ ༢༠༡༤ ལོར་རྒྱལ་ཁབ་གཉིས་དབར་ལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

འདས་པའི་ལོ་ཤས་ནང་ཚོང་འབྲེལ་ལ་འཕེལ་རྒྱས་ཕྱིན་ཡོད་ཀྱང་དོན་སྙིང་དེ་ཙམ་བྱུང་ཐུབ་མེད། ཕྱི་ལོ་ ༢༠༡༦ དང་ ༡༧ ལོའི་ཚད་གཞི་ལྟར་ན་ཇ་མེ་ཁ་ལ་ཕྱིར་ཚོང་བྱས་པ་དེ་ཨ་སྒོར་ས་ཡ་ ༤༣.༤༤ ཟིན་ཡོད་པ་དང་ནང་འདྲེན་བྱས་པ་དེ་ཨ་སྒོར་ས་ཡ་ ༡.༡༧ ལས་ཟིན་མེད། ཚོང་ལས་ཀྱི་སྤྱི་འབོར་ཨ་སྒོར་ས་ཡ་ ༤༤.༦༡ ཡིན་པ་དང་ཆ་སྙོམས་ཚད་གཞི་དེ་ཨ་སྒོར་ས་ཡ་ ༤༢.༢༧ ཆག་ཡོད། ཇི་ལྟར་ཀྱང་། ལོ་འདི་གའི་ཟླ་ ༤ ནས་ ༦ བར་ལ་རྒྱ་གར་གྱིས་ཇ་མེ་ཁར་ཕྱིར་ཚོང་བྱས་པའི་ཚད་གཞི་དེ་ཨ་སྒོར་ས་ཡ་ ༡༡.༢༧ ཟིན་ཡོད། ནང་འདྲེན་གྱི་ཚད་གཞི་ཨ་སྒོར་ས་ཡ་ ༢.༩༢ ཟིན་ཡོད་པ་རེད། ཁྱོན་བསྡོམས་ཚོང་ལས་ཀྱི་ཚད་གཞི་ཨ་སྒོར་ས་ཡ་ ༡༤.༡༩ ཟིན་པ་དེ་ཆ་སྙོམས་དེ་ཨ་སྒོར་ས་ཡ་ ༨.༣༥ ལ་གནས་ཡོད་པ་རེད།

རྒྱ་གར་གྱིས་ཇ་མེ་ཁར་ཕྱིར་ཚོང་བྱེད་པའི་ཐོན་སྐྱེད་ཆེ་ཁག་རྣམས་ནི་སྨན་རིགས་དང་། འཕྲུལ་འཁོར་གྱི་ཆ་ལག བཅུད་ལྡན་སྣུམ་རིགས། བལ། འགྱིག་ཆས། རིན་ཐང་ཅན་དང་རིན་ཐང་ཅན་མིན་པའི་རྡོ་རིགས། རྒྱན་ཆ་རྫུན་མའི་རིགས་བཅས་གཙོ་བོ་ཡིན་པ་དང་ཇེ་མེ་ཁ་ནས་ནང་འདྲེན་བྱེད་པའི་ཐོན་སྐྱེད་གཙོ་ཁག་ནི་འཐུང་ཆའི་རིགས་དང་། ལྷད་མེད་པའི་རྫས་རིགས། དེ་མིན་ཙག་ཙིག་ཁག་བཅས་ཡོད་པ་རེད།

རྒྱ་གར་གྱིས་གནའ་རབས་དུས་བས་ཨའི་སི་ལེནྚིའི་རྒྱལ་ཁབ་རྣམས་དང་མཛའ་གྲོགས་ཀྱི་འབྲེལ་ལམ་ཞིག་བཞག་བཞིན་ཡོད་པ་རེད། ཇེ་མེ་ཁ་དང་། ཊྲི་ནི་ཌེཊ། ཊོ་བྷ་གོ། གྷུ་ཡ་ན། སུ་རི་ནེམ་བཅས་ཀྱི་ནང་ལ་རྒྱ་གར་མི་སེར་འབོར་ཆེན་གནས་སྡོད་བྱེད་མཁན་ཡོད་སྟབས་འབྲེལ་ལམ་དེ་དག་གི་དུས་ཚོད་ཧ་ཅང་རིང་པོ་ཆགས་ཡོད། ཕྱོགས་གཉིས་ཀ་དབྱུག་རྩེད་པོ་ལོར་དགའ་མཁན་ཞིག་ཡིན་སྟབས་ཀེ་རི་བྷེན་རྒྱལ་ཁབ་རྣམས་རྒྱ་གར་ནང་ལ་སྐད་གྲགས་ཆེན་པོ་ཆགས་པ་རེད། ཇ་མེ་ཁ་དེ་བཞིན་ཨ་ཕི་རི་ཀ་དང་། ཨེ་ཤི་ཡ། ཡོ་རོབ་བཅས་ཀྱི་རིག་གཞུང་འདུ་ས་སྟེ་ melting pot ཞེས་ཤིན་ཏུ་གྲགས་ཆེ་བ་དེར་རྒྱ་གར་གྱི་ཕྱི་སྡོད་མི་སེར་ཁྲི་ ༧ སྐོར་ཞིག་ཡོད་པ་དེ་དག་གི་ཕ་རྒྱུད་རྣམས་རྒྱ་གར་ནས་སླེབས་པ་ཡིན་པ་རེད། ཁོ་ཚོས་ཇ་མེ་ཁའི་མི་འབོར་གྱི་བརྒྱ་ཆ་ ༣ ཙམ་ཟིན་གྱི་ཡོད། དོན་དངོས་ཐོག་ལོ་སྟར་ཟླ་ ༥ ཚེས་ ༡༠ ཉིན་ཇ་མེ་ཁས་གཞུང་འབྲེལ་ཐོག་ནས་རྒྱ་གར་གྱི་རིག་གཞུང་ཉིན་མོར་སྲུང་རྩི་ཞུས་ཀྱི་ཡོད་པ་རེད། རྒྱ་གར་དང་ཇ་མེ་ཁའི་སྤྱི་ཚོགས་ཀྱིས་རྒྱན་ཆ་དང་། འཕྲུལ་ཆས། ནང་ཆས་ཀྱི་ཁྲོམ་ར་བཅས་གཙོ་བོར་གྱུར་བའི་ཐོག་ནས་ཚོང་ལས་གཉེར་གྱི་ཡོད་པ་རེད།