མ་ཟིན། དི་པན་ཇན་རོའི་ཅའོ་ད་རི། སྐུ་ཚབ་འབྲེལ་མཐུད་པ།

རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་འབྲེལ་ལམ་ཟབ་ཏུ་ཕྱིན་པ།

སྲིད་བློན་ན་རེནྡྲ་མོ་དི་མཆོག་གིས་ཕྱི་ལོ་ ༢༠༡༤ ལོར་འབར་མའི་ནང་འཚོགས་པའི་རྒྱ་གར་དང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་དང་ཤར་ཨེ་ཤི་ཡའི་ཚོགས་ཆེན་ཐེངས་ ༩ པའི་ཐོག་ཤར་ལ་ལྟ་བའི་སྲིད་བྱུས་གསལ་འདོན་བྱས་པའི་རྗེས་ནས་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་དང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁྱབ་ཇི་ཆེར་འབྲེལ་ལམ་བཟུང་ཐུབ་ཡོད་པ་རེད། སྲིད་བློན་མོ་དི་མཆོག་གིས་འདི་ལྟ་བུའི་སྡིང་ཆའི་ཐོག་ལ་འབྲེལ་ལམ་བྱེད་པ་ད་རེས་ཐེངས་བཞི་པ་ཆགས་ཡོད་པ་རེད།

མ་ནི་ལའི་ནང་འཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དང་རྒྱ་གར་གྱི་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་སྐུ་ཞབས་མོ་དི་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པས་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་དང་གྲོས་མོལ་ཟླ་གྲོགས་འགོ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་སྲུང་རྩི་ཞུ་ཕྱིར་ཕྱི་ལོ་ ༢༠༡༧ ལོའི་ནང་རྟེན་འབྲེལ་ལས་དོན་སྤེལ་བ་ཁག་དང་རྣམ་པ་སྤྱི་ཡོངས་ཀྱི་ཐོག་ལ་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་མཉམ་ལས་ཀྱི་ཁྱབ་ཚད་ལ་བསྐྱར་ཞིབ་གནང་ཡོད་པ་རེད།

རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་ཀྱི་དབར་ལ་གྲོས་མོལ་ཐབས་ལམ་ ༣༠ ཡོད་པ་དང་རྒྱུན་གཏན་ནས་འདུ་འཛོམས་གནང་གི་ཡོད་པ་རེད། དེའི་ནང་ཚོགས་ཆེན་གཅིག་དང་ཕྱི་འབྲེལ་དང་། ཚོང་ལས། ཡུལ་སྐོར། སོ་ནམས་ཞིང་ལས། ཁོར་ཡུག བསྐྱར་གསོ་འོས་པའི་ནུས་ཤུགས་བཅས་ཀྱི་ཐོག་ལ་བློན་ཆེན་ཚོགས་འདུ་ ༧ ཚུད་ཡོད་པ་རེད། མངའ་སྡེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཌག་ཌར་ཝི་ཀེ་སིང་ ༼རྒས་ཡོལ་ཞུས་ཟིན།༽ མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༨ པའི་ནང་ཕི་ལི་པིན་གྱི་མ་ནི་ལའི་ནང་འཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཚོགས་འདུ་དང་ཤར་ཨེ་ཤི་ཡའི་ཕྱི་སྲིད་བློན་ཆེན་ཚོགས་འདུར་མཉམ་བཞུགས་གནང་བ་རེད། ཚོང་དོན་བློན་ཆེན་སུ་རེ་ཤི་པྲ་བུ་མཆོག་ཟླ་ ༩ པའི་ནང་མ་ནི་ལར་རྒྱ་གར་དང་བཅས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་ཀྱི་དཔལ་འབྱོར་བློན་ཆེན་ཚོགས་འདུའི་ཐོག་མཉམ་བཞུགས་གནང་བ་དང་། ཚོགས་འདུ་དེར་བློན་ཆེན་རྣམ་པས་དཔལ་འབྱོར་མཉམ་ལས་ཤུགས་ཆེ་རུ་གཏང་རྒྱུའི་ཐད་བསྐྱར་དུ་གཏན་འཁེལ་གནང་བ་རེད།

བདེ་སྲུང་བློན་ཆེན་ལྕམ་ནིར་མ་ལ་སཱི་ཐཱ་རཱ་མན་མཆོག་གི་བདེ་སྲུང་བློན་ཆེན་གྱི་མིང་ཐོག་ནས་ཕྱི་བསྐྱོད་ཐོག་མ་བྱས་པ་དེ་བཞིན་ཟླ་སྔོན་མར་མ་ནི་ལར་ཚོགས་པའི་བདེ་སྲུང་བློན་ཆེན་ཚོགས་འདུ་ཐེངས་ ༤ པ་དེ་ཆགས་ཡོད། ཁོ་མོས་རྒྱ་གར་གྱིས་འཇིགས་བསྐུལ་རིང་ལུགས་པར་བཟོད་སྒོམ་རྩ་བ་ནས་བྱ་རྒྱུ་མིན་སྐོར་ནན་བཤད་དང་སྦྲགས་འཇིགས་བསྐུལ་རིང་ལུགས་པར་འཐབ་འཛིང་བྱ་རྒྱུའི་ཐད་ལ་རྒྱལ་སྤྱི་དང་ས་གནས་ཀྱི་སྡིང་ཆ་ཁག་གི་ལས་འགན་གསལ་ཁ་བཏོན་པ་རེད།

རྒྱ་གར་དང་ལྷོ་ཤར་ཨི་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་དབར་གྱི་ཚོང་འབྲེལ་དེ་བཞིན་ཕྱི་ལོ་ ༢༠༡༦-༡༧ ལོར་ཨ་སྒོར་ཁྲག་ཁྲིག་ ༧༡ ཟིན་པ་དེ་རྒྱ་གར་གྱིས་འཛམ་གླིང་ཁྱོན་ཡོངས་ལ་ཚོང་འབྲེལ་བྱེད་པའི་དངུལ་འབོར་གྱི་བརྒྱ་ཆ་ ༡༠.༨༥ ཟིན་ཡོད་པ་རེད། ས་གནས་ཀྱི་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་གྲོས་མཐུན་དེ་མགྱོགས་མྱུར་གཏན་འཁེལ་ཐུབ་ན་དེའི་ཐོག་ནས་ང་ཚོ་དང་མངའ་ཁུལ་དེའི་དབར་གྱི་ཚོང་འབྲེལ་དང་མ་འཇོག་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

ད་རེས་ཕི་ལི་སི་པན་དུ་ཕེབས་ཐེངས་འདི་རྩི་ན་འདས་པའི་ལོ་གསུམ་ནང་རྒྱ་གར་གྱི་ཆེས་མཐོའི་སྲིད་འཛིན་དང་། སྲིད་འཛིན་གཞོན་པ། སྲིད་བློན་བཅས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་ཀྱི་རྒྱལ་ཁབ་ཚང་མར་ཕྱོགས་ཕེབས་གནང་ཡོད་པ་རེད། དེའི་ཐོག་ནས་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་དང་འབྲེལ་ལམ་བྱ་རྒྱུར་གལ་གནད་ཇི་ཙམ་ཆེན་པོ་བཟུང་བ་མངོན་ཐུབ་ཀྱི་ཡོད། མ་ཟད་བྱེ་བྲག་ཏུ་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་དང་ལྷན་དུ་འབྲེལ་ལམ་ཇི་ཟབ་ཏུ་གཏོང་རྒྱུའི་དམ་བཅའ་ཡོད་པ་མཚོན་གྱི་ཡོད། བྱ་ཐབས་འདི་བཞིན་ལོ་མང་རིང་ཕྱོགས་གཉིས་ནས་སྣང་མེད་དུ་གནས་པའི་རྗེས་སུ་ང་ཚོས་མངའ་ཁུལ་དེར་འབྲེལ་ལམ་བྱ་ཐབས་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ཁོ་ཐག་རེད། ཕྱོགས་གཉིས་ནས་སྣང་མེད་དུ་བཞག་པའི་དབང་གིས་མངའ་ཁུལ་དེའི་ནང་རྒྱ་གར་གྱི་ཁེ་ཕན་ལ་སྐྱོན་ཆེན་པོ་ཐེབས་ཡོད་ལ་དེའི་ཐོག་ནས་རྒྱ་ནག་ལ་གོམ་པ་སྤོ་ས་ཞིག་ཀྱང་བྱུང་བ་རེད།

སྲིད་བློན་མཆོག་གི་ཕྱོགས་ཕེབས་འདི་བཞིན་དུས་ཚིགས་ཁྱད་པར་ཅན་ཞིག་ལ་འཁེལ་ཡོད་པ་ནི། ད་ལོ་ང་ཚོས་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་གྲོས་མོལ་ཟླ་གྲོགས་འགོ་བཙུགས་ནས་ལོ་ངོ་ ༢༥ འཁོར་བ་དང་། ཚོགས་ཆེན་གྱི་ཚད་གཞིའི་མཉམ་བཞུགས། ང་ཚོ་དང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དབར་ཐབས་བྱུས་ཟླ་གྲོགས་འགོ་བཙུགས་ནས་ལོ་ ༥ འཁོར་བ་བཅས་ཀྱི་དུས་དྲན་སུང་རྩི་ཞུ་བཞིན་ཡོད་པ་རེད། ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་གྱི་ཟུར་དུ་སྲིད་བློན་མོ་དི་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་ཌུ་ཊར་ཊེ་དང་ཕྱོགས་གཉིས་ཀྱི་ཚོགས་འདུ་འཚོགས་གནང་བ་རེད། ཕི་ལི་པིན་གྱི་སྲིད་འཛིན་ཁོང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་ཚོགས་གཙོ་ཡང་ཡིན་པ་རེད། སྐུ་ཞབས་མོ་དི་མཆོག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་དང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བེ་རྣམ་གཉིས་དང་མཇལ་འཕྲད་གནང་བ་རེད།

རྒྱ་གར་དང་བཅས་པའི་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ནང་ཁྱོན་མི་འབོར་ཁྲག་ཁྲིག་ ༡.༨༥ འདུས་ཡོད་པ་དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་གྱི་བཞི་ཆ་ ༡ ཆགས་ཡོད་པ་དང་། གཅིག་བསྡུད་ཀྱི་ DGP དེ་བཞིན་ཨ་སྒོར་དཀྲིགས་ཆེན་ ༣.༨ ལྷག་ཟིན་གྱི་ཡོད། དེའི་ཐོག་ནས་འཛམ་གླིང་ནང་དཔལ་འབྱོར་གྱི་ས་ཁོངས་ཆེ་ཤོས་ཤིག་བསྐྲུན་ཡོད། འདས་པའི་ལོ་ ༡༧ ནང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ནས་རྒྱ་གར་ནང་མ་འཇོག་ཁྱོན་དངུལ་ཨ་སྒོར་ཁྲག་ཁྲིག་ ༧༠ ལྷག་བྱས་པ་དེ་ང་ཚོའི་ FDI ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༡༧ ཟིན་ཡོད་པ་རེད། དུས་ཡུན་དེ་གའི་རིང་ལ་རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཁག་ཏུ་མ་འཇོག་བྱས་པ་ཁྱོན་ཨ་སྒོར་ཁྲག་ཁྲིག་ ༤༠ ལྷན་ཟིན་ཡོད་པ་རེད།

རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་མ་འཇོག་དེ་མུ་མཐུད་ཤུགས་ཆེན་པོར་གནས་ཐུབ་པ་དང་། རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ཀྱི་དཔལ་འབྱོར་ནུས་ཤུགས་ལ་གཞིགས་ན་ད་དུང་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་པ་རེད། མ་ཟད་ད་དུང་ཁ་སྐོང་བྱེད་དགོས་པ་ཧ་ཅང་མང་པོ་ཡོད་ལ་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་དང་ལྷན་དུ་དཔལ་འབྱོར་མཉམ་ལས་མུ་མཐུད་ཤུགས་ཆེ་རུ་གཏང་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་པ་རེད།

རྒྱ་གར་དང་ཕི་ལི་པིན་གཉིས་འཛིན་སྐྱོང་སྤུས་ལེགས་དང་། ཁྱོན་ཡོངས་ཀྱི་འཕེལ་རྒྱས། རྨང་གཞི་ཡར་རྒྱས་བཅས་ལ་བློ་རྩེ་གཏད་བཞིན་ཡོད་པ་རེད། རྒྱལ་ཁབ་གཉིས་ཀས་འཛམ་གླིང་གི་ཐོག་ལ་བཟུང་བའི་བསམ་ཚུལ་ཐད་ལ་མཐུན་པའི་ཆ་ཧ་ཅང་མང་པོ་ཡོད་པ་རེད། རྒྱ་གར་གྱིས་ཕི་ལི་པིན་དང་འབྲེལ་ལམ་ཇི་ཟབ་ཏུ་གཏོང་བའི་དོན་སྙིང་ཆེན་པོ་མཐོང་བ་ལྟར་གྱི་འདྲ་བའི་ཆ་མང་པོ་ཡོད་པ་རེད།

ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བདེ་སྲུང་བཟོ་ལས་ལ་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་གར་གྱིས་ལྷག་པར་དུ་ཀམ་པོ་ཌི་ཡ་དང་། ལའོ་སི། འབར་མ། ཝེ་ཊི་ནམ་བཅས་ལ་དམིགས་པའི་ཐོག་ནས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་ཆིག་སྒྲིལ་དང་འབྲེལ་བའི་ལས་གཞི་ཁག་གི་ལས་འཆར་སྤེལ་བའི་ཐོག་ནས་ནུས་ཤུགས་གོང་སྤེལ་གྱི་ལས་དོན་མང་པོ་སྤེལ་ཡོད་པ་རེད། རྒྱ་གར་གྱིས་དཔལ་འབྱོར་རྒྱབ་སྐྱོར་བྱེད་ས་ཁག་གསུམ་ཡོད་པ་ནི་རྒྱ་གར་དང་ ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་མཉམ་ལས་མ་དངུལ། དེ་ལ་ཁྱོན་མ་དངུལ་ཨ་སྒོར་ས་ཡ་ ༡༠༠ ཡོད། ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དང་རྒྱ་གར་གྱི་མ་དངུལ་ལྗང་ཁུ། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དང་རྒྱ་གར་གྱི་ཚན་རིག་དང་བཟོ་རྩལ་མ་དངུལ་བཅས་རེད།

རྒྱ་གར་གྱིས་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་དང་འབྲེལ་བ་བྱེད་པའི་དམིགས་ས་ནི་དཔལ་འབྱོར་དང་མི་དང་མིའི་དབར་ལ་འབྲེལ་མཐུད་ཡོང་བ་བྱ་རྒྱུ་དེ་ཡིན་པ་རེད། རྒྱ་གར་གྱིས་མངའ་ཁུལ་དེར་རོགས་རམ་གང་ལེགས་བྱེད་པའི་སྤོབས་པ་ལྡན་ཡོད་པ་རེད། དེའི་ཐོག་ནས་རྒྱ་གར་གྱི་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་རྒྱལ་ཁབ་རྣམས་ཀྱི་ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་བཅས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོག་ཡོང་ངེས་རེད།