དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེ་དང་བཟོད་བསྲན་གལ་ཆེན་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེ་དང་བཟོད་བསྲན་སོགས་གོང་མཐོར་ཇི་ལྟར་གཏོང་དགོས་མིན་གྱི་སློབ་གསོ་དེ་དག་ཚུད་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སྩལ་འདུག

དེ་ཡང་(Times of India)་ཞེས་པའི་རྒྱ་གར་གྱི་གསར་ཤོག་གིས། སྤྱི་ཚེས་༢༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་རེས་གཟའ་མིག་དམར་ཉིན་རྒྱ་གར་ཨོ་ཊི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་Kalinga སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་༡༠་དགྱེས་བཞེས་མཛད་རྗེས་བསྟི་གནས་ཁང་དེའི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་གྲངས་༢༧༠༠༠་ཙམ་ལ་བླང་དོར་བཀའ་སློབ་སྩལ་སྐབས། ཤེས་ཡོན་བསྟི་གནས་ཁང་ཁག་གིས་དེང་དུས་ཤེས་ཡོན་སློབ་གསོའི་ནང་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་ཚུད་ཐབས་བྱ་དགོས་ཞེས་གསུངས་འདུག་པ་དང་། དེ་བཞིན་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་དུས་རབས་༢༡་དེ་བཞིན་བྱམས་བརྩེ་དང་ཞི་བདེ་ཅན་གྱི་འཛམ་གླིང་གསར་པ་ཞིག་བསྐྲུན་ཐབས་བྱེད་དགོས་ཞེས་འབོད་སྐུལ་གནང་འདུག