ན་ཝཱཛི་ཤ་རིབ་ཀྱིས་པ་ཀི་སི་ཏན་སྒྲིག་འཛུགས་གི་གདོང་དམར་པོ་བཟོས་པ།

དེ་སྔའི་པ་ཀི་སི་ཏན་གྱི་སྲིད་བློན་ན་ཝཱཛི་ཤ་རིབ་ཀྱིས་རང་ཉིད་དང་རྒྱལ་ཁབ་ཀྱི་སྒྲིག་འཛུགས་གཉིས་ཀ་རྙོག་དྲྭའི་ནང་དུ་བཅུག་ཡོད་པ་དང་། སྐུ་ཞབས་ཤ་རིབ་རང་གི་ཆབ་སྲིད་ཀྱི་མི་ཚེའི་གསོན་གནས་ཆེད་དཀའ་བ་སྤྱད་བཞིན་དེར་པ་ཀི་སི་ཏན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་པ་ན་མའི་རྒྱལ་སྒོའི་རྙོག་གླེང་བརྒྱུད་སྲིད་བློན་བྱེད་པའི་ཆ་རྐྱེན་མི་ཚང་བར་བཀག་འགོག་བྱས་ཡོད་པ་དང་། དེ་བས་ཁྲིམས་ཁང་མཐོ་ཤོས་ནས་ཀྱང་ཁོ་རང་གི་ཆབ་སྲིད་ཚོགས་པ་པ་ཀི་སི་ཏན་ཁ་ཆེའི་ཚོགས་པ་ན་ཝཱཛི་༼PML N༽ཡི་ཚོགས་གཙོའི་ལས་འཁུར་ལ་ཡང་ཆ་རྐྱེན་ཚང་མེད་པས་བྱེད་མི་ཆོག་པ་བཟོས་ཡོད་པ་རེད། ཁོའི་ཚོགས་པ་དེ་ནི་རྒྱལ་ཁབ་དེའི་ནང་ལམ་སྟོན་པ་ལྟ་བུ་ཞིག་དང་ཟླ་བ་གཉིས་རེའི་འོས་བསྡུར་ཞུགས་ཀྱི་ཡོད་པ་རེད།

བཅར་དྲི་ཞིག་གི་སྐབས་སུ་སྐུ་ཞབས་ཤ་རིབ་ཀྱིས་བྷོམ་བྷེ་འཐབ་རྒོལ་གྱི་ཇུས་སྟོན་གཏེ་པོ་ཧ་ཧྥིཛི་སཡིཏ་དང་མའུ་ལཱ་ན་མ་སུཏ་ཨ་ཛར་གྱི་དམག་དཔུང་ཇ་མཏ་ཨུ་དྷ་ཝཱ་དང་ཇཡིཤི་ཨི་མོ་ཧམ་མཏའི་མིང་མི་འདོན་མེད་པའི་ཐོག་པ་ཀི་སི་ཏན་ནང་དམག་དཔུང་ཨང་གསར་ཡོད་པར་བརྗོད་ཡོད་པ་དང་། ཁོ་ཚོ་ནི་མངའ་སྡེའི་ཟློས་གར་བ་མིན་པར་ངོས་འཛིན་ཅིང་། ༼ང་ཚོས་ཁོ་ཚོ་ས་མཚམས་བརྒལ་ཏེ་བྷོམ་བྷེ་རུ་མི་གྲངས་༡༥༠ཙམ་གསོད་བཅུག་གམ། ང་ལ་འགྲེལ་བཤད་རྒྱོབ་ཤོག ཅེས་དང་། ང་ཚོས་རྗེས་ཤུལ་གཙང་མ་བཟོ་མི་ཐུབ་རྒྱུ་དེ་ག་རེ་ཡིན་ན་ཞེས་དྲི་བ་བཏོན་ཡོད་པ་རེད།

སྐུ་ཞབས་ཤ་རིབ་ཀྱིས་གསལ་པོ་བརྗོད་པ་དེ་དེ་ལྟར་ཡིན་ཅིང་། དེ་ཡང་༢༠༠༨ལོའི་ཟླ་༡༡ཚེས་༢༦ཉིན་བྷོམ་བྷེ་རུ་འཐབ་རྒོལ་རུ་ཉེས་མེད་རྒྱ་གར་བ་དང་ཕྱི་རྒྱལ་བ་བསྡོམས་མི་གྲངས་༡༦༥སྙིང་རྗེ་མེད་པར་ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དེའི་རྒྱབ་ལྗོངས་སུ་པ་ཀི་སི་ཏན་གྱི་མངའ་སྡེའི་ཟློས་གར་བའི་ལག་པ་ཡོད་པ་དེ་ནི་གསལ་པོ་ཡིན་པ་དང་། བྷོམ་བྷེ་འཐབ་རྒོལ་བྱུང་མ་ཐག་ཏུ་སྐབས་དེའི་པ་ཀི་སི་ཏན་གྱི་སྲིད་འཛིན་ངོས་ནས་རྒྱ་གར་དང་མཉམ་རུབ་དྲི་རྩད་ཆེད་རྒྱལ་ནང་གསང་བའི་ཞིབ་འཇུག་ཚོགས་པ་༼ISI༽གཏོང་རྒྱུའི་རེ་བ་བཏོན་ཡོད་ཀྱང་ཁོང་གི་རེ་ཞུ་དེར་སྐབས་དེའི་པ་ཀི་སི་ཏན་གྱི་དམག་དོན་སྤྱི་ཁྱབ་ནས་ངོས་ལེན་བྱས་མེད་པ་རེད།

རྒྱ་གར་བདེ་སྲུང་སྡེ་ཁག་གིས་སྐབས་དེའི་པ་ཀི་སི་ཏན་གྱི་འཇིགས་སྐུལ་བ་ཨ་མིར་ཨཇི་མལ་ཀ་སབ་གསོན་པོར་འཛིན་བཟུང་ཐུབ་ཡོད་པ་དང་ཁོས་ངོས་ལེན་ཐོག་ཁོ་ཚོར་པ་ཀི་སི་ཏན་གཞུང་གི་སྦྱོར་བསྡར་སྤྲད་ཡོད་པ་དང་དེ་བཞིན་འཐབ་རྒོལ་དེར་འབྲེལ་ཡོད་པ་ཀི་སི་ཏན་གྱི་དམག་དོན་ཞབས་ཞུ་བ་ཁག་ཅིག་གི་མིང་འདོན་ཡོད་པ་རེད། གང་ལྟར་ཡང་འཐབ་རྒོལ་དེའི་ཇུས་བཏོན་གཏེ་པོ་ཧ་ཧྤིཛི་ས་ཡིཏ་དང་ཁོའི་ལྐོག་ཇུས་འདོན་རོགས་ཛ་ཀི་ཨུར་རེ་མན་ལཁ་ཝི་གཉིས་འཛིན་བཟུང་བྱས་རྗེས་པ་ཀི་སི་ཏན་གྱི་ངོས་ནས་ལུགས་མཐུན་གྱི་བརྒྱུད་རིམ་ཐད་གསལ་ཁ་མེད་པ་བྱས་ཡོད་པ་རེད། རྒྱ་གར་གྱི་ངོས་ནས་བྷོམ་བྷེ་འཐབ་རྒོལ་འབྲེལ་བའི་ངན་པ་ལག་སྦྲེལ་ཡོད་པའི་ཡིག་ཆ་སོགས་མི་ཉུང་བ་ཞིག་པ་ཀི་སི་ཏན་ལ་བསྐུར་ཡོད་ཀྱང་པ་ཀི་སི་ཏན་ངོས་ནས་རྟག་པར་དཔང་རྟགས་འདང་ངེས་མེད་ལུགས་བརྗོད་ཀྱི་ཡོད་པ་རེད།

ཇུས་བཏོན་གཏེ་པོ་སཡིཏ་དང་ལཁ་ཝི་གཉིས་འཛིན་བཟུང་བྱས་པའི་ལོ་ཤས་རྗེས་སྐུ་ཞབས་ཤ་རིབ་ཀྱི་ངོས་ལེན་གསལ་པོ་བྱས་པ་དེས་པ་ཀི་སི་ཏན་ངོ་ཚ་གདོང་དམར་ཆགས་ཡོད་པ་རེད། འོན་ཀྱང་དབྱེ་ཞིབ་པ་ཚོས་སྐུ་ཞབས་ཤ་རིབ་ཀྱི་འགྲེལ་བརྗོད་ལ་དྲི་བ་འདོན་བཞིན་ཡོད་པ་རེད། དེའི་རྗེས་ཁོ་ནི་༢༠༡༧ལོའི་ལོ་དཀྱིལ་བར་དུ་གནད་དོན་དེའི་ལམ་སྟོན་ལྟ་བུ་ཞིག་དང་ཁོས་སྡུག་རྩུབ་ཆེ་བའི་གནད་དོན་དེར་རང་གི་རྒྱལ་ཁབ་ཚུད་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པས་ལག་ལེན་བརྟན་པོ་བྱེད་དགོས་ངེས་ཤིག་ཆགས་ཡོད་པ་དང་། སྲིད་བློན་ན་རན་དྷ་ར་མོ་དྷི་མཆོག་ལོ་རྒྱུས་དང་འབྲེལ་ཡོད་ལ་ཧོར་དུ་འཚམས་གཟིགས་ཕེབས་པའི་ཉིན་ཤས་རྗེས་པ་ཐན་ཀོཌ་གནམ་ཐང་དུ་འཐབ་རྒོལ་བྱུང་བ་དེར་སྐུ་ཞབས་ཤ་རིབ་ཀྱི་འཁྲབ་ཚན་འོག་བྱུང་ཡོད་པ་དེ་གསལ་པོ་དང་། དེ་བཞིན་སྐུ་ཞབས་ཤ་རིབ་ཀྱི་༡༩༩༩ལོའི་ལས་འཁུར་སྐབས་ཀར་ཀིལ་གྱི་དམག་དོན་བྱུང་ཡོད་པ་རེད།

རྒྱ་གར་དང་རྒྱལ་སྤྱིའི་ནང་པ་ཀི་སི་ཏན་གྱིས་འཇིགས་སྐུལ་བའི་ཐོག་གི་ལས་དོན་ལ་གཙིགས་ཆེན་མི་བྱེད་པ་ནི་ཤེས་གསལ་དང་། དེ་སྔོན་གྱི་པ་ཀི་སི་ཏན་སྲིད་བློན་གྱིས་ཁོའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དེ་ཕྱི་འབྲེལ་གྱི་ལག་ཆ་ལྟ་བུར་བེད་སྤྱོད་ཀྱི་ཡོད་པའི་ངོས་ལེན་བྱས་ཡོད་པ་དང་། ཨི་སི་ལ་མ་བྷ་ཏས་འཇིགས་སྐུལ་བའི་གནད་དོན་ཐོག་སྐད་ཆ་གཉིས་ཤོད་ཀྱི་ཡོད་པ་ནི་ཤེས་གསལ་རེད།

པ་ཀི་སི་ཏན་དང་སྐུ་ཞབས་ཤ་རིབ་ཐོག་གི་འོས་བསྡུའི་དུས་ཡུན་རྫོགས་པ་དང་ཁོའི་བུ་དང་བུ་མོར་པ་ཀི་སི་ཏན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ལྐོག་ཟ་དང་དེ་མིན་ཉེས་པ་གཞན་ཐོག་ནས་དཀའ་ངལ་ཕྲད་ཡོད་པ་དང་། པ་ཀི་སི་ཏན་གཞུང་དེ་བྷོམ་བྷེ་འཐབ་རྒོལ་ནང་ཚུད་ཡོད་པ་བརྗོད་པ་དེ་སྐུ་ཞབས་ཤ་རིབ་ཀྱིས་རང་གི་ངོ་ཚབ་ལ་རྒྱབ་སྐྱོར་བྱེད་ཆེད་བྱུས་བཀོད་ཅིག་ཡིན་སྲིད་པ་རེད། ཁོས་བློས་བཏང་ཤུགས་ཆེན་བྱས་ཀྱང་དོན་དུ་རང་གི་ཚོགས་པ་PML Nདང་། པ་ཀི་སི་ཏན་གྱི་དམག་དཔུང་ལ་རྙོག་དྲྭ་ཆེན་པོ་བཟོས་ཡོད་པ་དང་དེ་ནི་ཚང་མས་ཤེས་རྟོགས་ཡོད་པ་རེད།

PML Nཚོགས་པའི་ངོས་ནས་སྐུ་ཞབས་ཤ་རིབ་ཀྱི་གཏམ་བཤད་དེར་རྒྱ་གར་གསར་འགོད་པས་ཚབས་ཆེ་བའི་འགྲེལ་བརྗོད་ལོག་པར་རྒྱག་ཡོད་པར་བརྗོད་ཅིང་། སྟབས་མི་ལེགས་པ་ཞིག་ལ་པ་ཀི་སི་ཏན་གྱི་དྲྭ་ཐོག་དང་སྤྱི་ཚོགས་བརྒྱུད་ལམ་ཐད་རྒྱ་གར་གསར་འགོད་བརྒྱུད་ལམ་ནས་གནས་ཚུལ་ཧྲིལ་པོ་མི་རྟོགས་བཞིན་གང་བྱུང་ཁྱབ་བསྒྲགས་བྱེད་ཀྱི་ཡོད་བསྐོར་གླེང་གི་ཡོད་པ་རེད། དེ་བཞིན་པ་ཀི་སི་ཏན་གྱི་རྒྱལ་ཁབ་བདེ་སྲུང་ཚོགས་པ་དང་མི་མང་དམག་སྡེ་ཁུལ་སོགས་ཀྱིས་སྐུ་ཞབས་ཤ་རིབ་ཀྱིས་༢༦/༡༡སྐབས་ཀྱི་བྷོམ་བྷེ་འཐབ་རྒོལ་ནང་པ་ཀི་སི་ཏན་གཞུང་ཚུད་ཡོད་ཅེས་པ་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

གང་ལྟར་ཡང་སྐུ་ཞབས་ཤ་རིབ་ཀྱིས་མི་མང་ཚོགས་འདུའི་ནང་པ་ཀི་སི་ཏན་གྱིས་འཇིགས་སྐུལ་གནད་དོན་དེའི་ཐད་སུ་ལ་འགན་འཁྲི་ཡོད་མིན་ཤེས་པའི་དུས་ལ་བབས་ཡོད་པར་གསུངས་པ་དང་། ཁོང་གིས་པ་ཀི་སི་ཏན་དེ་རྒྱལ་ཁབ་ཁེར་རྐྱང་དུ་བུད་པ་དང་རྒྱལ་སྤྱིའི་ངོས་ནས་པ་ཀི་སི་ཏན་གྱི་གཏམ་གླེང་ལ་ངོས་ལེན་མི་བྱེད་པ་བཟོ་མཁན་གཙོ་སུ་ཡིན་ཞེས་དྲི་བ་སྐུལ་ཡོད་པ་རེད། དོན་དུ་གནད་དོན་དེ་དག་ནི་པ་ཀི་སི་ཏན་གཞུང་གི་ངོས་ནས་ལན་རྒྱག་དགོས་པ་ཞིག་ཡིན་པ་རེད།

སྐུ་ཞབས་ཤ་རིབ་ཀྱི་གཏམ་བཤད་དེས་ད་བར་རྒྱ་གར་དེ་ནོར་མེད་པའི་དཔང་པོ་ཆགས་ཡོད་ལ་ད་ནི་པ་ཀི་སི་ཏན་ངོས་ནས་བྷོམ་བྷེ་འཐབ་རྒོལ་དེར་འཇིགས་སྐུལ་བྱས་པའི་འགན་འཁུར་དགོས་པའི་དུས་ལ་སླེབས་ཡོད་པ་རེད།

མ་དཔེ། ཀའོ་ཤིག་རོཡེ། ཨེར་གསར་འགོད་དབྱེ་ཞིབ་པ།