ཞི་བདེ་ལ་སེམས་མ་དུལ་ན་དཔལ་འབྱོར་དང་གོ་མཚོན་གྱིས་ཕན་མི་ཐོཊ། ༧གོང་ས་མཆོག་གིས།

ཉོན་མོངས་ཀྱི་སེམས་མ་དུལ་བའི་རྐྱེན་གྱིས་འཛམ་གླིང་འདིར་གནོད་པ་ཚབ་ཆེན་བསྐྱལ་བཞིན་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག

དེ་ཡང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡ སྔ་དྲོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་།  རིན་འབྱུང་བརྒྱ་རྩའི་ཆོས་ཚན་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་སྣང་བསྩལ་གནང་མཛད་ཅིང་།  བོད་མི་གཙོས་ཕྱིའི་རྒྱལ་ཁབ་༥༡ ལྷག་ནས་དད་ལྡན་པ་དྲུག་སྟོང་ལྷག་བཅར་ཡོད་པ་རེད།

༧གོང་ས་མཆོག་གིས། ད་ལྟའི་འཛམ་གླིང་འདིར་མིས་བཟོས་པའི་རྙོག་གྲ་ཁག་ནི་ཡ་ང་བ་ཞིག་རེད་ཅེས་དང་། དེ་ཡང་མི་ཕན་ཚུན་བརྩེ་སེམས་མེད་པའི་རྐྱེན་གྱིས་མི་ཕན་ཚུན་ལ་སྡུག་པོ་གཏོང་རེས་ཀྱི་གནས་ཚུལ་ཡོང་གི་ཡོད་པ་བཀའ་གནང་ཡོད་པ་རེད།

ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མིའི་རྣམ་དཔྱོད་དེ་བེད་སྤྱོད་ཡག་པོ་བྱེད་ན་ཧ་ཅང་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་དང་། དེ་ལྟར་མིན་པར་ཆགས་སྡང་ཉོན་མོངས་ཀྱི་གཞན་དབང་ཁོ་ནའི་དབང་དུ་སོང་ན་རང་ཕྱོགས་དང་གཞན་ཕྱོགས་བཤད་དེ་འཛམ་གླིང་ནང་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་ཡོད་པ་བཀའ་གནང་པ་དང་།  ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གོ་མཚོན་ཇི་ཙམ་ཡོད་ཀྱང་མིས་བཟོས་པའི་དཀའ་ངལ་ཁག་སེལ་ཐུབ་རྒྱུ་མིན་པ་ལྟར།  དཔལ་འབྱོར་གྱི་ནུས་པ་ཇི་ཙམ་ཆེན་པོ་ཡོད་ཀྱང་སེམས་བརྒྱུད་བྱམས་བརྩེས་མ་འདུལ་ན་ཕན་ཐོགས་མེད་པ་ཡིན་པ་བཀའ་གནང་འདུག