༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཡེ་ནི་ཡའི་ནང་ཞབས་སོར་བདེ་བར་འཁོད་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཤར་ཡོ་རོབ་ཀྱི་ལི་ཐུཡེ་ནི་ཡའི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚེས་༡༢་གཟའ་མིག་དམར་ཉིན་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ལི་ཐུཡེ་ནི་ཡའི་རྒྱལ་ས་ ཝིལ་ནིཡུསྀ་རུ་ཞབས་སོར་འཁོད་གནང་མཛད་ཅིང་།  རྒྱ་གར་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་ (Rajinder Kumar Chaudhary)མཆོག་དང་བོད་ཀྱི་ཁང་པའི་འགན་འཛིན་སྐུ་ཞབས་ (Vytis Vidunas) རྣམ་གཉིས་ཕེབས་བསུར་བཅར་

འདུག  དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་༧གོང་ས་མཆོག་གི་མཛད་འཆར་དང་འབྲེལ་བའི་སྤྱི་བསྒྲགས་སྤེལ་བའི་ནང་། ཚེས་༡༣་ཉིན་གྲོང་ཁྱེར་ཝིལ་ནིཡུསྀ (Vilnius) ནང་སྔ་དྲོ་གསར་འགོད་ལྷན་ཚོགས་ཞིག་བསྐོངས་ཚོགས་གནང་རྒྱུ་དང་། དེ་ནས་རིམ་བཞིན་ཝིལ་ནིཡུསྀ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནང་དགེ་ལས་སློབ་ཕྲུག་རྣམས་དང་མང་ཚོགས་ལ་ཤེས་ཡོན་སློབ་གསོའི་ནང་མིའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

སྔ་ལོ་ཕྱི་ལོ་ ༢༠༡༧ ལོར་གྲོང་ཁྱེར་དེའི་སྤྱི་ཁྱབ་སྐུ་ཞབས་ (Remigijus Simasius)མཆོག་གིས་དབུ་འབྱེད་གནང་བའི་ བོད་ཀྱི་མདུན་ཐང་(Tibet Square) ཞེས་པ་དེར་ལི་ཐུཡེ་ནི་ཡ་རང་བཙན་རྒྱལ་ཁབ་ཆགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཚིགས་དྲན་གསོའི་མཛད་སྒོ་ཞིག་གནང་རྒྱུ་ཡིན་པ་དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནད་དྲན་རྟེན་ཆེད་ཤིང་སྣ་འདེབས་འཛུགས་ཀྱི་ལམ་ནས་བྱིན་གྱི་རླབས་རྒྱུ་ཡིན་འདུག དེ་དང་ཕྱོགས་མཚུངས་བོད་ཀྱི་ཐོག་དེབ་མང་པོ་བརྩམས་བྲིས་གནང་མྱོང་མཁན་ཡུལ་དེའི་རྩོམ་པ་པོ་དམ་པ་སྐུ་ཞབས་ (Jurga Ivanauskaite)མཆོག་གི་པར་ཕྱོགས་སྒྲིག་ཞུས་པའི་པར་རིས་ཀྱི་འགྲེམས་སྟོན་ཞིག་ཏུ་ཡང་གཟིགས་ཞིབ་གནང་རྒྱུ་ཡིན་འདུག