ཀོ་རི་ཡའི་གླིང་ཕྲན་ནང་དུས་རབས་གསར་པ་ཞིག་གི་སྐྱ་རེངས།

རེས་གཟའ་མིག་དམར་ཉིན་སིང་ག་པོར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་དང་བྱང་ཀོ་རི་ཡའི་གཙོ་འཛིན་ཀིམ་ཇོང་ཨུན་རྣམ་གཉིས་དབར་ལོ་རྒྱུས་རང་བཞིན་གྱི་ཚོགས་ཆེན་ཞིག་ཚོགས་པ་དེའི་ཐོག་ནས་ཀོ་རི་ཡའི་གླིང་ཕྲན་ནང་དུས་རབས་གསར་པ་ཞིག་གི་སྐྱ་རེངས་སྔ་ལྟས་བསྟན་ཡོད། སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཀོ་རི་ཡའི་མི་དམངས་ཁ་ཐོར་བཏང་བ་དང་སྤྱི་ལོ་ ༡༩༥༠ ནས་ ༥༣ བར་གྱི་དམག་འཁྲུག་རྗེས་སུ་སྤྱི་ལོ་ ༡༩༥༣ ལོའི་ཟླ་ ༧ ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཀའ་དབང་དང་རྒྱ་ནག་གི་དང་བླང་དམག དེ་བཞིན་བྱང་ཀོ་རི་ཡའི་དམག་དྲག་དམག་བཅས་ཀྱི་དབར་ལ་དམག་འཁྲུག་མཚམས་འཇོག་གི་ཆིང་ཡིག་ཞིག་བཞག་ཡོད་པ་དེར་ད་བར་ཞི་བའི་གྲོས་མཐུན་མ་བྱུང་བར་ལྷག་ཡོད།

འདས་པའི་ཟླ་བ་ ༡༢ ནང་ལྷོ་བྱང་ཀོ་རི་ཡ་གཉིས་ཀའི་མི་དམངས་རྣམས་བྱ་དཀའ་བྱ་གཏད་མེད་པར་གྱུར་ཡོད་པ་ནི་སྐབས་རེ་ཨ་རིའི་དམག་འཁྲུག་རྒྱལ་རྒྱུའི་གནོན་ཤུགས་འཕྲད་པ་དང་མཚམས་རེ་ཞི་བདེའི་ཕྱོགས་སུ་བསྐྱོད་པ་མཐོང་ཡོད། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་བྱུང་ཀོ་རི་ཡ་དང་འདུམ་འགྲིག་ཡོང་ཆེད་འབད་བརྩོན་ཧུར་བསྐྱེད་ཆེན་པོ་བྱས་པ་དང་གཙོ་འཛིན་ཀིམ་ཇོང་ཨུན་གྱིས་ཧང་སངས་དགོས་པའི་ཡ་ལན་ཞིག་སྤྲད་པ་བཅས་ཀྱིས་འདི་ལོའི་ལོ་སྟོད་ནས་སྙོམས་ཐབས་ལ་འགྱུར་བ་བཏང་ཡོད།

ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོག་མ་དེ་བཞིན་ཟླ་ ༤ ཚེས་ ༢༧ ཉིན་སྲིད་འཛིན་མུན་ཇེ་ཨིན་དང་གཙོ་འཛིན་ཀིམ་ཇོང་ཨུན་རྣམ་གཉིས་དབར་གྱི་ཚོགས་ཆེན་དེ་ཆགས་ཡོད། ཀོ་རི་ཡའི་གླིང་ཕྲན་གྱི་ཞི་བདེ་དང་། གྲུབ་འབྲས། ཆིག་སྒྲིལ་བཅས་ཀྱི་ཕྱིར་ལོ་རྒྱུས་རང་བཞིན་གྱི་པན་མུན་ཇོམ་ཁྱབ་བསྒྲགས་བྱས་པ་དེས་ཊྲམ་དང་ཀིམ་གཉིས་དབར་གྱི་ཚོགས་ཆེན་དགོས་འདུན་འདོན་པའི་རྒྱབ་ལྗོངས་བསྐྲུན་ཡོད་པ་དང་ཁས་ལེན་བྱས་ཏེ་དངོས་སུ་ལག་བསྟར་བྱུང་ཡོད།

རེས་གཟའ་མིག་དམར་ཉིན་གྱི་ཚོགས་ཆེན་གྱི་སྔ་རོལ་དུ་ཨ་རི་དང་བྱང་ཀོ་རི་ཡའི་དབར་ལ་གྲོས་མོལ་ཞིབ་ཚགས་དང་ཤུགས་ཆེ་བྱས་ཡོད། ཟླ་བ་སྔ་མའི་ནང་སྲིད་འཛིན་ཊྲམ་གྱིས་ཚོགས་ཆེན་དེ་འཚོག་རྒྱུ་མིན་ཚུལ་བཤད་སྐབས་ཚོགས་ཆེན་དེར་བར་ཆད་བྱུང་བ་ལྟ་བུ་ཞིག་སྣང་ཡང་ཁོང་གིས་རྣམ་དཔྱོད་ཆེན་པོའི་ཐོག་ནས་གྲོས་མོལ་རྒྱུན་འཁྱོང་བྱ་རྒྱུའི་སྒོ་མུ་མཐུད་ཕྱེ་ཡོད་པ་རེད། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་དེ་མ་ཐག་གཙོ་འཛིན་ཀིམ་ཇོང་ཨུན་དང་ལྷན་དུ་ཚོགས་ཆེན་ཐེངས་གཉིས་པ་ཞིག་འཚོགས་ཏེ་སྲིད་འཛིན་ཊྲམ་ལ་ཚོགས་ཆེན་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད།

ཟླ་ ༦ ཚེས་ ༡༢ ཉིན་གྱི་ཚོགས་ཆེན་དེའི་ཐོག་ནས་རེ་འདོད་རྣམས་འགྲུབ་ཐུབ་ཡོད། ཚོགས་ཆེན་དེའི་ཐོག་ནས་བྱང་ཀོ་རི་ཡར་དབང་ཤུགས་འདྲ་མཉམ་གྱི་གནས་བབ་སྤྲད་ཡོད་པ་དེ་པི་ཡོང་ཡང་ལ་ཚོན་ན་གྲུབ་འབྲས་ཆེན་པོ་ཞིག་ཆགས་ཡོད། སྲིད་འཛིན་ཊྲམ་དང་གཙོ་འཛིན་ཀིམ་གཉིས་ལས་ཕན་ཚུན་བཟང་ཕྱོགས་ཀྱི་རྣམ་པ་ཞིག་བསྟན་ཡོད། སྲིད་འཛིན་ཊྲམ་གྱིས་མཚན་རྟགས་བཀོད་པའི་མཛད་སྒོའི་ཐོག་གཙོ་འཛིན་ཀིམ་དང་མཇལ་བ་དེ་གཟི་བརྗིད་ཞིག་ཡིན་པ་དང་དབུ་ཁྲིད་རྣམ་གཉིས་དབར་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་ཅེས་གསལ་བྲགས་བྱས་ཡོད། གནས་ཚུལ་འདི་བཞིན་འདས་ལོའི་ནང་དབུ་ཁྲིད་གཉིས་དབར་ཁ་རྩོད་རྒྱག་རེས་བྱས་པ་ལས་ལྡོག་པའི་གློ་བུར་གྱི་འགྱུར་བ་ཞིག་ཆགས་ཡོད།

དབུ་ཁྲིད་གཉིས་ཀས་ཁྱབ་ཆེའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དེས་ད་ལྟའི་ཀོ་རི་ཡའི་གནས་སྟངས་རྙོག་འཛིང་ཅན་དེ་འགྱུར་བ་གཏང་ཐུབ་རྒྱུ་ཡོད་པ་རེད། སྲིད་འཛིན་ཊྲམ་གྱིས་གྲོས་མོལ་རྣམས་ནི་སུ་ཞིག་གིས་ཚོད་དཔག་བྱས་པ་ལས་ལྷག་པ་བྱུང་ཡོད་ཅེས་གསུངས་ཡོད། སྲིད་འཛིན་ཊྲམ་གྱིས་ད་དུང་ཉིང་རྡུལ་བཀག་འགོག་བྱ་རྒྱུའི་ལས་རིམ་དེ་མགྱོགས་མྱུར་འགོ་འཛུགས་བྱ་རྒྱུ་རེད་དེས་གསུངས་ཡོད། ཤོག་གྲངས་གཉིས་ཅན་གྱི་གྲོས་མཐུན་དེ་ཞིབ་ཕྲའི་ཐོག་ནས་ཁ་གསལ་མེད་ཀྱང་མ་འོངས་པའི་ཆེད་དམིགས་ཡུལ་ཁ་གསལ་གཏོད་ཡོད། གྲོས་མཐུན་དེའི་ཐོག་ནས་ཞི་བདེ་དང་གྲུབ་འབྲས་ཆེད་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་གསར་པ་ཞིག་འཛུགས་རྒྱུའི་ཆོད་སེམས་སྐོར་བཤད་ཡོད། དམིགས་ཡུལ་གཉིས་པ་དེ་བཞིན་ཀོ་རི་ཡའི་གླིང་ཕྲན་ནང་དབང་འཛིན་ཞི་བདེ་བརྟན་ལྷིང་རྒྱུན་གནས་ཐུབ་པ་ཞིག་བསྐྲུན་རྒྱུའི་ཐད་མཉམ་རུབ་འབད་བརྩོན་བྱ་རྒྱུ་དེ་ཡིན་པ་རེད། དེའི་ནང་བྱང་ཀོ་རི་ཡར་དབང་འཛིན་བདེ་སྲུང་གི་ཁག་ཐེག་ཞིག་ཚུད་ཡོད། དམིགས་ཡུལ་གསུམ་པ་ནི་བྱང་ཀོ་རི་ཡའི་ངོས་ནས་ཀོ་རི་ཡའི་གླིང་ཕྲན་ནང་ཉིང་རྡུལ་མཚམས་འཇོག་མཐའ་འཁྱོལ་བ་ཞིག་བྱ་རྒྱུ་དེ་ཡིན་པ་རེད། ཇི་ལྟར་ཀྱང་། གྲོས་མཐུན་ནང་བྱང་ཀོ་རི་ཡར་ཉེས་ཆས་ཆག་ཡངས་གཏོང་རྒྱུའི་སྐོར་གང་ཡང་འཁོད་མེད། སྲིད་འཛིན་ཌོ་ནལ་ཊྲམ་གྱིས་བཤད་པར་གཞིགས་ན་ཨ་རིའི་ངོས་ནས་བྱང་ཀོ་རི་ཡའི་ཉིང་རྡུལ་རྣམས་བེད་སྤྱོད་མེད་པ་ཤེས་མཚམས་སུ་ཉེས་ཆས་རྣམས་མཚམས་འཇོག་ཆགས་རྒྱུ་ཡིན་པ་རེད།

ཟླ་ ༦ ཚེས་ ༡༢ ཉིན་གྱི་གྲོས་མཐུན་དེ་བཞིན་ཕྱོགས་མང་པོ་ཞིག་ནས་དེ་སྔ་སྲིད་འཛིན་ཁི་ལིན་ཊོན་གྱི་སྐབས་ལ་ཨ་རི་དང་བྱང་ཀོ་རི་ཡའི་དབར་ལ་སྤྱི་ལོ་ ༡༩༩༤ ལོའི་ཟླ་ ༡༠ པར་བྱང་ཀོ་རི་ཡའི་ཉིང་རྡུལ་མཚམས་འཇོག་སྒྲོམ་གཞིའི་གྲོས་མཐུན་བྱུང་བ་དེ་སྲན་གསོ་སློང་བྱེད་ཞིག་ཆགས་ཡོད། འོན་ཀྱང་གྲོས་མཐུན་དེ་བཞིན་ཕྱོགས་གཉིས་ཀས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་བྱས་པའི་དབང་གིས་ལམ་ལྷོང་བྱུང་མེད།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མའིག་པོམ་པིའོ་མཆོག་ནས་གྲོས་མཐུན་ལག་བསྟར་གྱི་ཞིབ་ཕྲའི་འཆར་གཞི་ཁག་ལག་ལེན་ལ་འཁྱེར་རྒྱུའི་ཆེད་གྲོས་མཐུན་ཁག་པོ་མང་པོ་ཞིག་བྱ་རྒྱུ་ཡོད་པ་རེད། ད་ལྟའི་ཆར་སྲིད་འཛིན་ཊྲམ་དང་གཙོ་འཛིན་ཀིམ་ཇོང་ཨུན་གཉིས་ཀས་དབུ་ཁྲིད་ཀྱི་སྤུས་ཚད་དང་ཐག་གཅོད་བྱ་ནུས་གསལ་འདོན་བྱས་ཡོད་པ་དང་སྒེར་གྱི་འབྲེལ་བ་བཟང་པོ་ཞིག་བསྐྲུན་ཡོད་པའི་རྣམ་པ་ཐོན་ཡོད། འདི་ཉིད་འབྱུང་འགྱུར་དུས་ཚོད་ནང་གལ་གནད་ཆེན་པོ་ཆགས་རྒྱུ་རེད།

རྒྱ་གར་གྱིས་ཚོགས་ཆེན་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་རྩིས་པའི་ཐོག་ནས་དགའ་བསུ་ཞུས་ཡོད། རྒྱ་གར་གྱིས་ཨ་རི་དང་བྱང་ཀོ་རི་ཡའི་ཚོགས་ཆེན་གྱི་གྲུབ་འབྲས་རྣམས་ལག་བསྟར་བྱེད་པའི་ཐོག་ནས་ཀོ་རི་ཡའི་གླིང་ཕྲན་ནང་རྒྱུན་གནས་ཐུབ་པའི་ཞི་བདེ་དང་བརྟན་ལྷིང་གི་ལམ་བུ་གཏོད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱིས་བྱང་ཀོ་རི་ཡ་དང་པ་ཀི་སི་ཏན་དབར་ལ་དེ་སྔ་ལྐོག་ཏུ་ཉིང་རྡུལ་དང་འཕར་མདེལ་བཟོ་རྩལ་བརྗེ་རེས་བྱས་པའི་འབྲེལ་ལམ་ལ་གོ་བཀོན་གྱིས་ཀོ་རི་ཡའི་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱས་པ་དེ་ལག་བསྟར་དོན་འཁྱོལ་དང་རྒྱ་གར་གྱི་ཁྱིམ་མཚེས་སུ་ཉིང་རྡུལ་ཁྱབ་གདལ་ཐོག་ང་ཚོའི་སེམས་འཚབ་མེད་པ་བཟོ་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད།

མདོར་ན། འདས་ལོར་ཀོ་རི་ཡའི་རྒྱལ་ཁབ་གཉིས་དབར་ལ་དམག་འཁྲུག་གི་སྤྲིན་ནག་འཁྲིགས་པ་དེ་གྲོས་མཐུན་འདིའི་ཐོག་ནས་ཞི་འཇམ་གཏང་ཐུབ་ཡོད། འོན་ཀྱང་མདུན་ཕྱོགས་ཀྱི་ལམ་བུ་དེ་འཁོད་བདེ་ཞིག་ཡོང་རྒྱུ་མིན་པ་ནི་བྱང་ཀོ་རི་ཡས་ཉིང་རྡུལ་ཁྱབ་ཚད་གཏོར་བཤིགས་གཏང་བའི་ཚབ་ཏུ་དེ་མཚུངས་ཀྱི་ཆེས་བཅག་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་པ་ཞིག་ཆགས་ཡོད།

མ་ཟིན། ཨམ་སཀནཊད་རན་ཇན་ཏ་ཡལ། ལྷོ་ཀོ་རི་ཡར་བཅའ་བཞུགས་རྒྱ་གར་དོན་གཅོད་ཟུར་པ།