སྤྱི་ལོ་ ༢༠༡༨ ལོའི་ན་ཊོ་ཚོགས་ཆེན།

བྱང་ཨཏ་ལན་ཊིག་གྲོས་མཐུན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་འཐུས་ཚབ་རྒྱལ་ཁབ་ ༢༩ ཡོད་པའི་ཚང་མའི་སོ་སོའི་སྲིད་གཞུང་གི་དབུ་ཁྲིད་རྣམས་ཀྱིས་སྐུ་ཚབ་བྱས་ཏེ་བྷྲུ་སེལ་དུ་འཚོགས་ཡོད་པ་རེད། ཚོགས་ཆེན་འདི་ཉིད་སྲིད་བྱུས་གསར་པ་འགོ་འཛུགས་བྱ་རྒྱུ་དང་ལྷན་ཚོགས་ལ་ཁ་ཕྱོགས་གསར་པ་སྟོན་ཕྱིར་བེད་སྤྱོད་བྱེད་པའི་མཐུན་གྲོགས་དེའི་གལ་ཆེའི་བྱུང་བ་ཞིག་ཆགས་ཡོད། དེང་སྐབས་ས་བབ་ཆབ་སྲིད་ཀྱི་ཆགས་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་ཁྲོད་ ༩ པའི་ ༡༡ གི་དོན་རྐྱེན་རྗེས་ཀྱི་ན་ཊོ་ལ་དེང་རབས་བདེ་སྲུང་གི་དཀའ་ངལ་གསར་པ་མང་པོ་ཞིག་འཕྲད་བཞིན་ཡོད། དོན་སྙིང་ལྟེ་བ་དེ་བཞིན་ཆིག་སྒྲིལ་རྒྱལ་སྲུང་མཐུན་གྲོགས་ཀྱི་ངེས་ཚད་སྟོན་པའི་དོན་ཚན་ ༥ དེ་ཆགས་ཡོད། དོན་ཚན་དེའི་ཐོག་ནས་འཐུས་ཚབ་གཅིག་ལ་འཐབ་རྒོལ་བྱུང་ཚེ་འཐུས་ཚབ་ཚང་མར་འཐབ་རྒོལ་བྱུང་བ་དང་གཅིག་མཚུངས་སུ་བལྟ་རྒྱུ་ཡིན་པ་སྟོན་གྱི་ཡོད། གྲང་དམག་མཇུག་སྒྲིལ་རྗེས་སུ་ན་ཊོ་ཡིས་དེ་སྔ་དགྲ་བོར་བལྟ་བའི་ཡོ་རོབ་དཀྱིལ་མ་དང་ཤར་མའི་རྒྱལ་ཁབ་རྣམས་ལ་འཐུས་ཚབ་ཀྱི་གོ་སྐབས་སྤྲད་དེ་ལྷན་ཚོགས་རྒྱ་བསྐྱེད་བྱས་ཡོད། རྒྱ་བསྐྱེད་བྱས་པ་ལས་ན་ཊོ་ཡི་ས་མཚམས་ཁག་ཨུ་རུ་སུའི་ས་མཚམས་བར་གཏུགས་ཡོད་པ་རེད། ཨུ་རུ་སུ་དེ་བཞིན་སྲིད་འཛིན་པུ་ཊིན་གྱི་སྲིད་དབང་འོག་ཕྱོགས་གཉིས་ཀར་རྟགས་ཏུ་ཁོང་ཁྲོ་སློང་བའི་གཞི་མ་ཞིག་ཆགས་ཡོད་པ་རེད།

ན་ཊོ་དེ་བཞིན་འཐུས་ཚབ་རྒྱལ་ཁབ་རྣམས་སྲུང་སྐྱོབ་བྱེད་པའི་ཕྱོགས་མངས་འབད་བརྩོན་ཞིག་ཡིན་པ་དང་ཅ་དངོས་དང་དཔལ་འབྱོར་ཐོན་ཁུངས་སྡེབ་སྤུངས་བྱེད་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད། རྡོག་ཁྲེས་མཉམ་འཁུར་བྱ་རྒྱུ་དེ་བཞིན་ཆིག་སྒྲིལ་རྒྱལ་སྲུང་གི་དཀའ་ཚེགས་མཉམ་འཁུར་བྱེད་པའི་ལྟེ་བར་ཡོད་པ་རེད། ཇི་ལྟར་ཀྱང་། སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ནང་ཨ་རིའི་སྲིད་འཛིན་ཊྲམ་གྱིས་ལས་འཁུར་བླངས་པ་ནས་བཟུང་ན་ཊོ་དེ་བཞིན་རྒྱུ་མཚན་ནོར་བ་ཁོ་ནའི་ཐོག་ནས་ཡོ་རོབ་ཀྱི་རཱ་ཌར་ཞིག་ཆགས་ཡོད།སྐུ་ཞབས་ཊྲམ་གྱིས་མཐུན་གྲོགས་རྣམས་ཀྱིས་སྤྱི་ལོ་ ༢༠༢༤ ཡི་ཆེད་དུ་དམིགས་པའི་དམག་དོན་འགྲོ་གྲོན་བརྒྱ་ཆ་ ༢ ལོན་པ་མ་བྱེད་ཚེ་ཁོ་པ་རང་ཉིད་ཀྱིས་ལོགས་སུ་ལས་ཀ་བྱ་རྒྱུ་ཡིན་པའི་ཨུ་ཚུགས་བྱས་པར་རྟེན་ཚོགས་ཆེན་ཁ་མ་ཐོར་ཙམ་ཆགས་པ་རེད། སྤྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་འགན་རྩོད་བྱས་སྐབས་ཀྱང་ཁོང་གིས་དེ་མཚུངས་སུ་ཡོ་རོབ་མཐུན་གྲོགས་རྣམས་བསྐྱུར་རྒྱུའི་གཉའ་གནོན་བྱས་ཡོད་པ་རེད། དེ་སྔ་བྱུང་མ་མྱོང་བའི་བྱ་སྤྱོད་ཞིག་གི་ཐོག་ནས་ན་ཊོ་ཡི་སྤྱི་ཁྱབ་དྲུང་ཆེ་ཇེན་སི་སི་ཊོལ་ཊེན་བྷག་གིས་དཀའ་ངལ་དེ་སེལ་ཕྱིར་དབི་ཁྲིད་རྣམ་པའི་རྫ་དྲག་ཚོགས་འདུ་ཞིག་བསྐོད་འཚོགས་གནང་ཡོད། དེ་རྗེས་སུ་སྲིད་འཛིན་ཊྲམ་གྱིས་ཇར་མ་ནིའི་ངོས་ནས་ཨུ་རུ་སུ་དང་ལྷན་དུ་རླང་སྣུམ་གྱི་ཚོང་རྒྱག་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད།

ན་ཊོ་ཚོགས་ཆེན་རྒྱུས་ནས་དོན་དངོས་ཐོག་འཐུས་ཚབ་རྒྱལ་ཁབ་རྣམས་འཁྲུག་ཐེབས་ནས་ལྷག་ཡོད་པ་དང་ཡོ་རོབ་སྤི་མཐུན་གྱི་ཤར་ཕྱོགས་ས་མཚམས་སུ་ཨ་རུ་སུའི་དབང་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཨ་རིས་ཡོ་རོབ་ལ་ལྷག་བསམ་ཇི་ཙམ་བྱེད་མིན་གྱི་དྲི་བ་བཏོན་བཞིན་ཡོད། སྐུ་ཞབས་ཊྲམ་གྱིས་རེས་གཟའ་ཟླ་བའི་ཉིན་སྐུ་ཞབས་པུ་ཊིན་དང་ལྷན་དུ་ཧེལ་སིན་ཀི་རུ་མཇལ་འཕྲད་གནང་རྒྱུ་ཡིན་པའི་ཐོག་ལའང་དྭོགས་འཆར་ཞིག་བསླངས་ཡོད། ན་ཊོ་ལ་ནང་ཁུལ་དཀའ་ངལ་འཕྲད་པ་ཐེངས་དང་པོ་མིན་ལ་རྡོག་ཁྲེས་མཉམ་ཁུར་གྱི་གནད་དོན་དེའི་རྙིང་ཚོད་ནི་མཐུན་གྲོགས་དེ་ག་དང་གཅིག་པ་ཆགས་ཡོད། གསར་པ་ཅི་ཞིག་ཆགས་ཡོད་ཅེ་ན་ན་ཊོ་ཡི་གཙོ་སྐྱོང་རྒྱལ་ཁབ་ཨ་རིས་བསམ་བཞིན་དུ་ཨཏ་ལན་ཊིག་ཕན་ཚུན་གྱི་ཟླ་གྲོགས་ཁྲོད་དུ་སར་ཁ་ཞིག་གཏོད་བཞིན་པ་དེ་རེད།

དེ་ནི་མ་དངུལ་དང་དམག་དོན་གྱི་འགྲོ་སོང་ཙམ་མ་ཡིན་པར་བྷུྲུ་སེལ་ནང་འགལ་ཟླ་བྱུང་བ་དེའི་ཐོག་ནས་དམ་བཅའི་གཞི་རྩའི་གནད་དོན་ཐོག་ལ་དེ་སྔང་གིས་དྲི་བ་སླེབས་པ་དང་ཨ་རིས་འདོད་ཕྱོགས་ཁ་ཤས་འགྱུར་བ་གཏང་བཞིན་པའི་ས་བབ་ཆབ་སྲིད་གསར་པའི་ནང་མཐུན་གྲོགས་རྣམས་ཀྱི་རིན་ཐང་ཇི་ཡིན་དང་ཨུ་རུ་སུས་སྤྱི་ལོ་ ༢༠༡༤ ལོར་ཁྲི་མི་ཡ་ཟུར་སྦྱར་བྱས་རྗེས་སུ་མུ་མཐུད་ཤར་ཕྱོགས་ལ་བལྟ་བ་བཅས་ཀྱི་དྲི་བ་སླེབས་ཡོད། སུས་ཡོ་རོབ་ལ་སྲུང་སྐྱོབ་བྱེད་མིན་དང་ཡོ་རོབ་ངོས་ནས་ནུས་ཤུགས་དང་དཔུང་སྟོབས་བཅས་རང་ངོས་ནས་འཛུགས་བསྐྲུན་བྱེད་དགོས་སམ། ཨཏ་ལན་ཊིག་ཕན་ཚུན་གྱི་འབྲེལ་ལམ་དེས་འགལ་ཟླ་འདི་སེལ་ཐུབ་བམ།

ཨ་རིའི་ནང་དབུ་ཁྲིད་འགྱུར་བ་ཕྱིན་པའི་རྒྱུ་མཚན་ལ་རྟེན་ནས་ཨ་རི་དང་ན་ཊོ་ཟླ་གྲོགས་དབར་ལ་སྤྱི་མོས་ཞིག་བསྐུན་དགོས་ཀྱི་ཡོད་པ་རེད། འོན་ཀྱང་འདས་པའི་ཉིན་ཤས་ནང་སྲིད་འཛིན་ཊྲམ་གྱི་གཏམ་བཤད་ཐོག་ལ་དེ་སྔ་བྱུང་མ་མྱོང་བའི་རྙོག་གྲ་ཞིག་བྱུང་བ་དེས་ཕྱོགས་གཉིས་དབར་ལ་བར་ཐག་ཇི་ཙམ་ཆེན་པོ་ཡོད་མིན་སྟོན་པ་དང་ཕན་ཚུན་ཡིད་ཆེས་མེད་པའི་གནས་སྟངས་ཚབ་ཆེ་རུ་འགྲོ་བཞིན་པ་དེ་ཉིན་ཞག་གཅིག་ལ་བསྐྱར་གསོ་ཐུབ་རྒྱུ་མེད་པ་བཅས་གསལ་འདོན་བྱས་ཡོད། ཚོགས་ཆེན་གྱི་སྙན་ཐོའི་ཐོག་ད་ཡོད་ན་ཊོ་ཡི་ལས་འགན་རྣམས་བསྐྱར་དུ་གཏན་འཁེལ་བྱས་ཡོད་ཀྱང་ན་ཊོ་གྲ་སྒྲིག་ལས་གཞི་འམ་ཉིན་གྲངས་ ༣༠ ནང་ཚུད་ལ་དམག་གྲུ་  ༣༠ དང་། མཁའ་དམག་གནམ་གྲུའི་རུ་ཁག་ ༣༠ ས་དམག་རུ་ཁག་ ༣༠ བཅས་མཉམ་བསྡུད་བྱ་རྒྱུའི་ འཆར་གཞི་ ༣༠ པ་དེའི་ཐོག་ཨུ་རུ་སུའི་དབང་ཤུགས་ཆེ་རུ་འགྲོ་བཞིན་པའི་གནད་དོན་སེལ་ཡོད། སྐུ་ཞབས་ཊྲམ་གྱིས་མཐུན་གྲོགས་རྣམས་ནས་འགྲོ་སོང་སྔར་བས་མང་བ་གཏང་དགོས་ཚུལ་བཤད་ཡོད་ཀྱང་་ཕུག་རིང་འཆར་ཟིན་ནང་གསར་པ་གང་ཡང་ཐོན་མེད་པ་དེའི་ཐོག་ཡོ་རོབ་མཐུན་གྲོགས་རྣམས་ལ་དྲི་བ་གཉིས་སླེབས་པ་དེ་ཨ་རིའི་ལོ་ ༧༠ རིང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་རྩ་དོན་གཙོ་བོ་ཇི་ཡིན་དང་། ཨ་རིས་ན་ཊོ་ལ་ལྷག་བསམ་ཇི་ཙམ་ཡོད་མིན་དང་ཡོ་རོབ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ད་དུང་བརྟན་པོར་གནས་མིན་བཅས་ཀྱི་དྲི་བ་ཆགས་ཡོད།

མ་ཟིན། པོར་ཕེ་སར་ཨུམ་མུ་སལ་མ་བྷ་ཝ། ཇེ་ཨན་ཡུ།