རྒྱ་གར་གྱི་འཕེལ་རྒྱས་ཕུག་རེ།

འཛམ་གླིང་དངུལ་ཁང་གི་སྤྱི་ལོ་ ༢༠༡༧ ལོའི་ཨང་རིམ་ལྟར་བྱས་ན་རྒྱ་གར་གྱིས་ཕ་རན་སི་ཨང་བདུན་པར་བཞག་ནས་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་ ༦ ཆགས་ཡོད་པ་རེད། རྒྱ་གར་གྱི་གོང་ལ་ཨ་རི་དང་། རྒྱ་ནག ཉི་ཧོང་། ཇར་མ་ནི། དབྱིན་ཇི་བཅས་ཡོད་པ་རེད། རྒྱ་གར་གྱི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢.༥༩༧ ཡིན་པ་དང་ཕ་རན་སིའི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢.༥༨༢ ཡིན་པ་རེད།

དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་ལྔ་པ་དབྱིན་ཡུལ་གྱི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢.༦༢ ཡིན་པ་དེ་རྒྱ་གར་དང་བསྡུར་ན་ཨ་སྒོར་ཐེར་འབུམ་ ༢༥ ཡིས་མང་བ་ཡོད་པ་རེད། དབྱིན་ཇི་ཡོ་རོབ་སྤྱི་མཐུན་ནས་ཕྱིར་ཐོན་བྱས་པའི་རྗེས་སུ་རྒྱ་གར་གྱིས་ལོའི་བཞི་ཆ་ཁ་ཤས་ཤིག་གི་ནང་ཚུད་ལ་དབྱིན་ཇིའི་གོང་ལ་ཐོན་ནས་འཛམ་གླིང་ནང་ནས་དཔལ་འབྱོར་སྟོབས་ཆེ་ཤོས་ཨང་ལྔ་པ་ཆགས་ཐུབ་པའི་རེ་བ་ཡོད་པ་རེད། དཔྱད་ཞིབ་པ་རྣམས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན་རྒྱ་གར་གྱིས་སྤྱི་ལོ་ ༢༠༢༨ ཚུན་དུ་ཨ་སྒོར་གྱི་ཚད་གཞིའི་ཐོག་རྒྱལ་ཡོངས་ཐོན་སྐྱེད་ཨང་རིམ་ནང་ཇར་མ་ནི་དང་ཉིང་ཧོང་གི་གོང་ལ་ཐོན་ཐུབ་རྒྱུ་ཡིན་པ་དང་རྒྱ་གར་གྱི་དཔལ་འབྱོར་སྟོབས་ཤུགས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༦ ལ་སླེབས་ནས་འབྱུང་འགྱུར་བགྲང་ཆ་གཅིག་ནང་ཚུད་ལ་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་ ༣ པ་ཆགས་རྒྱུ་ཡིན་པ་རེད།

ལོན་ཌོན་དཔལ་འབྱོར་དང་ཚོང་ལས་ཉམས་ཞིན་ལྟེ་གནས་ཀྱིས་དཔར་བསྐྲུན་བྱས་པའི་འཛམ་གླིང་དཔལ་འབྱོར་ཨང་རིམ་སྤྱི་ལོ་ ༢༠༡༨ ནང་སྔོན་བརྡའི་ནང་རྒྱ་གར་གྱིས་དབྱིན་ཡུལ་དང་ཕ་རན་སིའི་མདུན་ལ་ཐོན་ནས་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་ལྔ་པ་ཆགས་རྒྱུ་ཡིན་པ་རེད། སྟོབས་ཤུགས་ཆེ་ཤོས་བཅུའི་ནང་ལ་ཡོད་པའི་རྒྱལ་ཁབ་གཞན་གསུམ་ནི་བྷྲ་ཛིལ་དང་། ཨི་ཊ་ལི། ཁེ་ན་ཌ་བཅས་ཡིན་པ་རེད།

འཛམ་གླིང་དངུལ་ཁང་གིས་ཟླ་སྔ་མའི་ནང་དཔར་བསྐྲུན་བྱས་པའི་འཛམ་གླིང་དཔལ་འབྱོར་རེ་འདུན་སྙན་ཐོའི་ནང་སྤྱི་ལོ་ ༢༠༡༨ ལོའི་ནང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་བརྒྱ་ཆ་ ༧.༣ ཟིན་རྒྱུ་དང་། སྤྱི་ལོ་ ༢༠༡༩ དང་ ༢༠༢༠ ལོའི་ བརྒྱ་ཆ་ ༧.༥ ཟིན་རྒྱུ་ཡིན་པ་རེད། སྤྱི་ལོ་ ༢༠༡༦ ལོའི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་བརྒྱ་ཆ་ ༧.༡ ཡིན་པ་དང་ ༢༠༡༧ ལོར་བརྒྱ་ཆ་ ༦.༧ ཡིན་པ་དང་བསྡུར་ན་འཕེལ་རྒྱས་ཚད་གཞིའི་ཚོད་དཔག་དེ་བཞིན་རེ་བ་ཡོད་པ་ཞིག་ཆགས་ཡོད།

དྲན་གསོ་བྱེད་འོས་པ་ཞིག་ལ་འཛམ་གླིང་དངུལ་ཁང་གི་སྙན་ཐོའི་ནང་སྔོན་བརྡ་བཏང་བ་ལྟར་སྤྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་འཕེལ་རྒྱས་ཚད་གཞི་དེ་བརྒྱ་ཆ་ ༨.༢ ཆགས་ཡོད་པ་རེད། དེས་ན་རྒྱ་གར་གྱིས་དངུལ་རྩིས་དང་དངུལ་ལོར་སྲིད་བྱུས་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྷག་པར་དུ་འཕེལ་རྒྱས་ཚད་གཞི་བརྒྱ་ཆ་ ༨ ལ་ཕྱིར་ལྡོག་ཐབས་ཆེད་ཁྲོམ་རའི་ཐོག་དཔལ་འབྱོར་བརྟན་ལྷིང་ཆེ་རུ་གཏོང་དགོས་པ་ཆགས་ཡོད། དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་འགོ་བཙུགས་པ་དང་རྩ་སྟོང་ཁྲིམས་ལུགས་ལག་བསྟར་བྱས་པ་བཅས་ཀྱིས་ཕུག་རྒྱང་རིང་པོའི་ཐོག་རྒྱ་གར་ནང་ཚོང་ལས་གཉེར་བདེའི་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཡོང་ངེས་རེད།

རྒྱལ་སྤྱིའི་མ་དངུལ་ཚོགས་པའི་སྙན་ཐོ་འཛམ་གླིང་དཔལ་འབྱོར་རྣམ་པ་ཞེས་པའི་ནང་ལའང་རྒྱ་གར་གྱི་འཕེལ་རྒྱས་ཕུ་ཐག་ཚོད་སྔོན་དཔག་བྱས་ཡོད། རྒྱལ་སྤྱིའི་མ་དངུལ་ཚོགས་པའི་སྙན་ཐོ་ལྟར་ན་རྒྱ་གར་འདི་ཉིད་སྤྱི་ལོ་ ༢༠༡༨ ལོར་བརྒྱ་ཆ་ ༧.༤ ལ་སླེབས་རྒྱུ་དང་སྤྱི་ལོ་ ༢༠༡༩ ལོར་བརྒྱ་ཆ་ ༧.༨ ལ་སླེབས་རྒྱུ་ཡིན་པ་རེད།

རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་དེ་སྤྱི་ལོ་ ༢༠༡༨ ལོའི་ནང་བརྒྱ་ཆ་ ༦.༦ བར་འཕར་རྒྱུ་དང་སྤྱི་ལོ་ ༢༠༡༩ ལོའི་ནང་བརྒྱ་ཆ་ ༦.༤ བར་འཕར་རྒྱུ་བཅས་ཀྱི་ཚོད་དཔག་བྱས་ཡོད། རྒྱ་གར་གྱི་དཔལ་འབྱོར་དཔྱད་ཞིབ་ཀྱིས་ཀྱང་སྤྱི་ལོ་ ༢༠༡༨- ལོའི་ནང་དཔལ་འབྱོར་འཕེལ་རྒྱས་ཚད་གཞིའི་བརྒྱ་ཆ་ ༧.༥ ལ་སྤེབས་རྒྱུའི་ཚོད་དཔག་བྱས་ཡོད།

སྙན་ཐོ་ཁག་གིས་སྲིད་གཞུང་ལ་འཕེལ་རྒྱས་ཚད་གཞི་མཐོ་བོར་གནས་ཆེད་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་སྟབས་བདེ་རུ་རྒྱུག་འགྲོས་བདེ་རུ་གཏང་དགོས་པའི་ལམ་སྟོན་གནང་ཡོད། ཁོ་ཚོས་ད་དུང་འཔེལ་རྒྱས་ད་ལྟ་ལས་ཆེ་བ་ཡོང་ཆེད་དངུལ་ཁང་ཁྱབ་ཁོངས་ཀྱི་ཊ་ཝིན་ལྷག་འཕྲོས་དཀའ་ངལ་སེལ་རྒྱུ་དང་ས་ཞིང་དང་ངལ་རྩོལ་ལེགས་བཅོས་བཅས་བྱེད་དགོས་པའི་བསམ་འཆར་ཡང་བཏོན་ཡོད་པ་རེད།

རྒྱ་གར་འདི་ཉིད་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་ནའང་ཡོང་འབབ་འཁོད་མ་སྙོམས་པའི་གནད་དོན་དེ་སེལ་དགོས་ཀྱི་ཡོད། རྒྱལ་སྤྱིའི་མ་དངུལ་ཚོགས་པའི་ཐོ་གཞུང་ཐོན་གསར་ཤོས་ལྟར་ན་དངུལ་གྱི་ཡོང་འབབ་ནང་རྒྱ་གར་ཨང་རིམ་ ༡༢༦ པར་གནས་ཡོད་པ་རེད། དོན་དངོས་ཐོག་རྒྱ་གར་ལ་མི་འབོར་ཐེར་འབུམ་ ༡.༣༤ ཡོད་པ་རེད། སྤྱི་ལོ་ ༢༠༢༤ ཚུན་དུ་རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་མང་བ་ཆགས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྟབས་དཔལ་འབྱོར་འཕེལ་རྒྱས་ཚད་གཞི་མཐོ་མོར་སླེབས་ཆེད་མངའ་སྡེ་ཁྱོན་ཡོངས་སུ་དཔལ་འབྱོར་གཅིག་འདུས་ཆགས་དགོས་ཀྱི་ཡོད་པ་རེད།

དཀའ་ངལ་མང་དག་ཅིག་ཡོད་མིན་ལ་མ་ལྟོས་པར་སྤྱི་ལོ་ ༢༠༡༨ ལོའི་ནང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་བརྒྱ་ཆ་ ༣.༡ ཡིན་པའི་སྐབས་ལ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་བརྒྱ་ཆ་ ༧ ལ་སླེབས་བཞིན་པ་དེ་སེམས་འགུལ་ཐེབས་འོས་པ་ཞིག་ཆགས་ཡོད། འཛམ་གླིང་དངུལ་ཁང་གིས་དངུལ་ཕོངས་ཉམ་ཐག་གི་དཀའ་ངལ་སེལ་ཕྱིར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་ཙམ་གྱིས་མི་འགྲིག་པར་མེ་ཁྲོ་སྲིད་བྱུས་བཟོ་མཁན་རྣམས་ཀྱིས་ཐོན་སྐྱེད་དང་ངལ་རྩོལ་སྟོབས་ཤུགས་མཉམ་བཞུགས་ཤུགས་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།

འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་དེ་ཤུགས་ཆེན་པོ་ལྟར་ཡོད་ཀྱང་ད་དུང་ཉམ་ངས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། ཉེན་ཁ་འདི་དག་ནི་རྒྱལ་སྤྱིའི་ཚོང་ལས་རང་སྲུང་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། གོ་ལ་གཅིག་གྱུར་ནས་ཕྱིར་ཐོན་བྱེད་པ། འཛམ་གླིང་དཔལ་འབྱོར་ཁྲོམ་ར་བརྟན་ལྷིང་མེད་པ། མཉམ་ལས་བུ་ལོན་ཆེ་རུ་འགྲོ་བཞིན་པ་བཅས་ལ་རྟེན་ནས་བྱུང་གི་ཡོད།

མ་ཟིན། ཌག་ཌར་ལེ་ཁ་ཅ་ཀར་བྷོར་ཏི། ཕོར་ཕེ་སར། བྷར་ཊ་མཐོ་སློབ། ནིའུ་ཡོག