རྒྱ་གར་དང་ཨ་རིའི་འབྲེལ་ལམ་གཏིང་ཟབ་ཏུ་འགྲོ་བཞིན་པ།

རྒྱ་གར་དང་ཨ་རིའི་འབྲེལ་ལམ་མུ་མཐུད་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། དྷི་ལི་གསར་པས་རྒྱ་གར་དང་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་རྒྱལ་སྲུང་སྒྲིག་འཛུགས་ཀྱི་ལྷན་ཁང་དབར་གཉིས་ཐོག་གཉིས་༼༢+༢༽ ཀྱི་གྲོས་མོལ་གོ་སྒྲིག་ཞུ་རྒྱུའི་གྲ་སྒྲིག་ཀྱི་ཆ་ཤས་སུ་ཕྱི་སྲིད་དྲུང་ཆེ་ཝི་ཇེ་གོག་ལེ་མཆོག་ཝ་ཤིང་ཊོན་དུ་ཕེབས་ཡོད་པ་རེད།

འབྱུང་འགྱུར་ཟླ་བ་ ༩ པའི་ནང་འཚོགས་རྒྱུའི་རྒྱ་གར་དང་ཨ་རིའི་གྲོས་མོལ་དེ་དྷི་ལི་གསར་པར་འཚོགས་རྒྱུ་ཡིན་པ་དང་གྲོས་མོལ་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མའི་ཁ་པོམ་པིའོ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤི་མ་སྭ་རཱཇ། དེ་བཞིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཐ་རཱ་མན་བཅས་ཀྱིས་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཀྱི་ཐབས་བྱུས་ཟླ་གྲོགས་ཀྱི་རྒྱ་ཁྱོན་དང་སྤུས་ཚད་ཁ་ཕྱོགས་ལ་མུ་མཐུད་རིན་ཐང་གཞལ་རྒྱུའི་བསམ་ཚུལ་ཐོག་ནས་ཐད་ཀར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

དྷི་ལི་གསར་པ་དང་ཝ་ཤིང་ཊོན་དུ་གུས་ལུགས་བརྗེ་རེས་ནམ་ཡོད་ལ་ཐབས་ལམ་ཐོག་མཛེས་བསྒྱུར་དང་ཐབས་བྱུས་གྲོས་མོལ་གྱི་སྒྲོམ་གཞི་ཁག་ཡོང་གི་ཡོད་པ་རེད། འོན་ཀྱང་གཙོ་གནད་དེ་ནམ་ཡང་གཅིག་པར་གནས་ཀྱི་ཡོད། རྒྱལ་ཁབ་ཀྱི་བདེ་སྲུང་གནས་དོན་རྣམས་ཧ་ཅང་རྙོག་འཛིང་ཆེན་པོ་ཆགས་པ་དང་ཕན་ཚུན་འབྲེལ་བ་ཅན་དུ་འགྱུར་ནས་རྒྱ་གར་དང་ཨ་རིའི་དབར་འབྲེལ་ལམ་དང་རྒྱལ་སྲུང་གི་གྲོས་མོལ་དུས་གཅིག་ཏུ་བྱེད་དགོས་པ་ཆགས་ཀྱི་ཡོད།

ཇི་ལྟར་ཀྱང་གཉིས་ཐོག་གཉིས་ཀྱི་གྲོས་མོལ་དེ་བཞིན་རྒྱུ་མཚན་ཁ་གསལ་ཞིག་ལ་རྟེན་ནས་ལས་སླ་བོ་ཞིག་དང་ཞི་འཇམ་ཞིག་ཡོང་རྒྱུ་མིན་པ་ནི་རྒྱ་གར་དང་ཨ་རིའི་ཐབས་བྱུས་ཁེ་ཕན་གྱི་ཁྱབ་ཆེའི་གཅིག་འདུས་དེ་སྙོན་དུ་མེད་པ་ཞིག་ཡིན་པ་དང་ཞིབ་ཕྲའི་ཐོག་ཆ་མི་མཚུངས་པ་དང་ཁྱབ་ཁོངས་ཁ་ཤས་གནད་འགག་ཆེན་པོ་ཆགས་ཡོད་པས་རེད། མཐུན་འགྲིག་དང་ཟབ་རྒྱས་གྲོས་མོལ་ཁོ་ནའི་ཐོག་ནས་མི་འདྲ་བའི་ཆེ་དེ་དག་ཉུང་དུ་གཏོང་ཐུབ་པ་དང་། མཐུན་པའི་ཆ་མང་དུ་གཏོང་ཐུབ་པ། འབྲེལ་ལམ་ཐོར་ཞིག་མ་འགྲོ་བའི་ཆེད་མི་འདྲ་བའི་ཆ་རྣམས་སྔོན་འགོག་བྱ་རྒྱུར་བཅས་ཁོ་ནས་ཕན་ཐོགས་ཡོང་རྒྱུ་རེེད།

དེ་སྔ་སྐུ་ཚབ་ཀྱི་འབྲེལ་ལམ་ལྡང་ངེས་མ་བྱུང་བའི་རྐྱེན་གྱིས་ཨ་རི་དང་རྒྱ་གར་དབར་འགལ་ཟླ་བྱུང་ཡོད། འགལ་ཟླ་དེ་དག་གིས་གཏོགས་ཙམ་མ་གཏོགས་རྒྱལ་སྲུང་དང་བདེ་སྲུང་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་ཁྱབ་ཁོངས་ཁག་གི་འགྲོ་ལམ་བཀག་པའི་འགགག་རྡོ་བཟོ་གྲབས་བྱས་ཡོད། གཉིས་ཐོག་གཉིས་ཀྱི་གྲོས་མོལ་འདིས་དེ་སྔའི་གནས་ཚུལ་བསྐྱར་དུ་འབྱུང་ཉེན་ཡོད་པར་སྔོན་འགོག་བྱེད་པའི་ནུས་པ་ལྡན་ཡོད།

དོན་དངོས་ཐོག གཙོ་གནད་ཁྱབ་ཁོངས་ཁག་གཅིག་གི་ནང་ཨ་རི་དང་རྒྱ་གར་གྱི་ཕྱོགས་གཉིས་ཀྱི་མི་མཐུན་པའི་ཆ་དེ་རྫ་དྲག་པོ་ཞིག་ཡིན་པ་དང་དེ་ཉིད་གྲོས་མོལ་གྱི་ལམ་ནས་ཁོ་ན་སེལ་ཐུབ་རྒྱུ་ཡིན་པ་ཞིག་རེད། དེ་ལྟའི་རྫ་དྲག་གི་གནད་དོན་ཐོག་མ་དེ་བཞིན་ཊྲམ་སྲིད་གཞུང་གི་ཨི་རན་སྲིད་བྱུས་ཆགས་ཡོད། ཨ་རིས་ཨི་རན་གྱི་ཉིང་རྡུལ་གྲོས་མོལ་ནས་ཕྱིར་ཐོན་བྱས་ཙམ་མ་ཟད་ཨི་རན་ཐོག་ཉེས་ཆས་འཕར་མ་བཀལ་ཡོད་པ་རེད། རྒྱ་གར་གྱི་ནུས་ཤུགས་ནང་འདྲེན་ཡོང་ཁུངས་ཆེ་ཤོས་གསུམ་པ་དེ་ཨི་རན་ཆགས་ཡོད། ཨ་རིའི་ཉེས་ཆས་དེའི་ཐོག་ནས་རྒྱ་གར་གྱིས་ཨབ་གྷ་ནི་སི་ཏན་དང་དཀྱིལ་ཤར་ཨེ་ཤི་ཡའི་ཁྲོམ་རར་སྙོབ་ཐབས་ཆེད་ལྷོ་བྱང་རྒྱུད་ལམ་ཞིག་འཛུགས་བསྐྲུན་བྱ་རྒྱུའི་དམིགས་ཡུལ་ཞིག་ཡོད་པ་དེར་གནོད་སྐྱོན་ཚབས་ཆེ་བྱུང་རྒྱུ་དང་རྒྱ་གར་གྱིས་ཨི་རན་ནང་ཅ་བྷ་ཧར་གྲུ་ཚིགས་འཛུགས་བསྐྲུན་ཆེད་མ་འཇོག་བྱ་རྒྱུར་ཕྱི་འགྱང་ཆགས་རྒྱུ་བཅས་ཡིན་པ་རེད།

གནད་དོན་གཉིས་པ་དེ་ཊྲམ་འཛིན་སྐྱོང་གིས་ཨུ་རུ་སུར་འཛིན་པའི་སྲིད་བྱུས་ཆགས་ཡོད། ཨ་རིས་རྒྱ་གར་ནང་རྒྱལ་སྲུ་ཁྲོམ་ར་རྒྱ་བསྐྱེད་བྱ་ཐབས་བྱེད་ཀྱི་ཡོད་པ་ངེས་གཏན་དང་དེ་ལ་དགག་བྱ་གང་ཡང་མེད་པ་ཞིག་རེད། རྒྱ་གར་གྱིས་འདས་པའི་ལོ་བཅུའི་ནང་ ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡༥ ཡི་རིན་ཐང་ལྡན་པའི་ཨ་རིའི་རྒྱལ་སྲུང་ཡོ་ཆས་ཉེ་བསྒྲུབ་བྱས་ཡོད། འོན་ཀྱང་ཝ་ཤིང་ཊོན་གྱིས་ཉེས་ཆས་དང་ཐབས་ལམ་གཞན་གྱི་ཐོག་ནས་རྒྱ་གར་གྱི་ཁྲོམ་རའི་ནང་ཨུ་རུ་སུ་འཛུལ་རྒྱུ་བཀག་འགོག་བྱ་རྩིས་བྱེད་པ་དེས་རྒྱ་གར་ལ་གནོད་ཀྱི་ཡོད། རྒྱ་གར་ལ་རང་མོས་བདམ་ག་ཞིག་སྤྲད་ཡོད་པའི་ཆ་ནས་ཨ་རིས་ཕྱོགས་གཅིག་པ་དང་ཁྲིམས་མཐུན་མ་ཡིན་པའི་ཐབས་ལམ་བེད་སྤྱད་པ་དེས་ཡིད་ཆེས་མེད་པ་ཆགས་རྒྱུ་དང་ཐབས་བྱུས་ཟླ་གྲོགས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་བར་ཆད་བཟོ་རྒྱུ་ཁོ་ན་ཆགས་ཡོད།

མི་འདྲ་བའི་ཆ་གསུམ་པ་དེ་བཞིན་ཞི་བདེ་སྲུང་སྐྱོབ་བྱ་རྒྱུའི་ཞིབ་ཕྲའི་ཐབས་ལམ་དང་། འགལ་ཟླ་སྔོན་འགོག་བྱ་རྒྱུ། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་འཕེལ་རྒྱས་གོང་སྤེལ་བྱ་རྒྱུ་བཅས་ཀྱི་ཁྱབ་ཁོངས་ཁག་ཆགས་ཡོད། རྒྱ་གར་སྲིད་གཞུང་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཞེས་པའི་བསམ་ཚུལ་དེར་ཁས་ལེན་བྱས་པ་དེ་ཐབས་བྱུས་ཤིག་ཏུ་རྩིས་ཀྱི་མེད་པ་རེད། རྒྱ་གར་གྱིས་གུ་ཡངས་དང་། རང་དབང་། ཀུན་འདུས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། རྒྱ་གར་ལ་མཚོན་ན་ཨེ་ཤི་ཡ་དང་ཨ་ཕི་རི་ཀའི་འཕེལ་རྒྱས་རྒྱུད་ལམ་དེ་བདེ་སྣང་དོད་པ་ཡོང་གི་ཡོད་པ་དང་དེ་ཉིད་མངོན་འགྱུར་ཡོང་ཆེད་དུ་ཉི་ཧོང་དང་མཉམ་ལས་བྱེད་བཞིན་ཡོད།

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་དཀར་ནག་གི་ས་མཚམས་ཁྱབ་ཁོངས་ཁ་ཤས་སུ་དམག་ཤུགས་བཙུགས་བཞིན་པ་དང་ལམ་གཅིག་དང་སྐེ་རགས་གཅིག་གི་རྒྱུད་ལམ་ལག་བསྟར་ནང་དཔལ་འབྱོར་འདོད་རྔམས་ཆེན་པོ་བྱེད་བཞིན་པ་བཅས་ལ་རྟེན་རྒྱ་གར་གྱིས་དེ་མཚུངས་གདོང་ལེན་ཐབས་ལམ་ཞིག་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་དང་ད་ཆ་ཊྲམ་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་ཡོད།

གཉིས་ཐོག་གཉིས་ཀྱི་གྲོས་མོལ་དེས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་དབར་དྭོགས་པ་སེལ་རྒྱུ་དང་ཐུན་མོང་གི་ཡིད་ཆེས། ཐབས་བྱུས་ཟླ་གྲོགས་ཆེར་བསྐྱེད་བྱ་རྒྱུ་བཅས་ལ་ཕན་ཐོགས་རྒྱུ་གཏན་འཁེལ་རེད།

མ་ཟིན། པོར་ཕེ་སར། ཅིན་ཏ་མ་ནི་མ་ཧཱ་པ་ཏྲ། ཇེ་ཨེན་ཡུ་ཡི་རིགས་བདག་གཞོན་པ།