སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནེ་དར་ལེནྜིར་༸ཞབས་སོར་བདེ་བར་འཁོད་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུ་ཝི་ཌེན་ལྷོ་ངོས་སུ་ཆགས་པའི་མལ་མོ་གྲོང་ཁྱེར་ནང་ཕྱི་ཚེས་ ༡༢།༡༣ བཅས་ཉིན་གཉིས་རིང་གི་མཛད་འཆར་ཁག་ཡོངས་སུ་ལེགས་རྗེས་ཕྱི་ཚེས་ ༡༤ ཉིན་ཉེ་འགྲམ་ནེ་དར་ལེན་ཌིའི་ Neitherland གྲོང་ཁྱེར་རོ་ཊར་ཌམ་ Rotterdam དུ་༸ཞབས་སོར་བདེ་བར་འཁོད་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་རྗེས་གནམ་ཐང་ནས་བཞུགས་གནས་གསོལ་བགྲོན་ཁང་ Park Hotel དུ་ཆིབས་སྒྱུར་སྐྱོང་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་གྲོ་སོ་ཕྱེ་མར་འདེགས་འབུལ་དང་སྦྲགས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་བཅས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་མགོན་པོ་གང་ཉིད་མཆོག་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས་ཁུལ་དེའི་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་ H.E.Venu Rajamony མཆོག་གཏན་ཞལ་གཉིས་ཀྱིས་མཇལ་བཅར་ཞུས་པ་མ་ཟད།  དེ་རྗེས་སོག་པའི་གཞུང་ཚབ་པ་སྐུ་ཞབས་ H.E.Och Od མཆོག་དང་ལས་རོགས་མི་བཅུ་བཞི་བཅས་མཇལ་བཅར་ཞུས།

ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱང་ཐེངས་བརྒྱད་པ་ཆགས་འདུག ད་ཐེངས་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་རྒྱལ་ས་ཨེམ་སི་ཊར་ཌམ་དུ་རྟེན་གཞི་བྱས་པའི་De Nieuwe Kerk Amsterdam ཞེས་པའི་ཚོགས་པ་དེ་དང་ཏཱ་ལའི་བླ་མ་གདན་ཞུ་གོ་སྒྲིག་ཚོགས་ཆུང་ Stichting Bezoek Dalai Lama དེ་བཞིན་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཡིན་འདུག

དེ་ཡང་མཛད་འཆར་ལྟར་ན་ཕྱི་ཚེས་ ༡༥ ཉིན་སྔ་དྲོ་ཐོག་མར་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་རྒྱལ་ས་ཨེམ་སི་ཊར་ཌམ་Amsterdamཕྱོགས་སུ་ཆིབས་ཐོན་མཛད་ནས་ De Nieuwe Kerk ཞེས་པའི་བསྟི་གནས་ཁང་དུ་སྟོན་པའི་མཛད་རྣམ་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད་མཛད་རྒྱུ་མ་ཟད། བྱམས་བརྩེ་དང་འཕྲུལ་རིག ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག

དེ་རྗེས་གསར་འགོད་པ་ཁག་གཅིག་མཇལ་འཕྲད་ཀྱིས་དྲི་བར་བཀའ་ལན་སྩལ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་གྲོགས་རྙིང་པ་ཁག་གཅིག་དང་ལྷན་ཡེ་ཤུའི་ལྷ་ཁང་ཞིག་ནང་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ། དཀའ་རྙོག་ཆེ་བའི་དུས་སྐབས་འདིར་བྱམས་བརྩེའི་ཉམས་ལེན་གལ་ཆེ་བའི་རྒྱུ་མཚན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་།ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག་པ་བཅས།