མལ་དིཝ་སིའི་ནང་གི་མང་གཙོ་སྤྲིན་ནག་འོག་ཏུ་ཚུད་པ།

མལ་དིཝ་སིས་ཟླ་ ༩ ཚེས་ ༢༣ ཉིན་སྲིད་འཛིན་འོས་བསྡུ་འགོ་བཙུགས་པ་ན་འོས་བསྡུ་དེ་ཉིད་རྒྱ་གར་རྒྱ་མཚོའི་མཚོ་འདབས་རྒྱལ་ཁབ་དེའི་ནང་གི་མང་གཙོའི་མདུན་ལམ་ལ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། འོས་བསྡུ་ཚར་ནས་ཉིན་གཅིག་སོང་རྗེས། འོས་གྲངས་བགྲང་བཤེར་ལྟེ་གནས་རྣམས་ནས་འོས་གྲངས་ཕྱིར་བསྒྲགས་རྒྱུ་འགོ་ཚུགས་པ་ན་མི་དམངས་རྣམས་ཀྱི་འགྱུར་ལྡོག་ཅིག་ཡོང་ཕྱིར་འོས་བླུགས་ཡོད་པ་གསལ་པོ་ཆགས་ཡོད། སྲིད་འཛིན་ལས་ཐོག་ཨབ་དུ་ལ་ཡ་མིན་རྗེས་ལུས་ཐེབས་བཞིན་ཡོད་པ་དང་། ཕྱོགས་འགལ་ཚོགས་པའི་འོས་མི་ཨིབ་ར་ཧིམ་མོ་ཧ་མད་སོ་ལིཧ་ཡིས་འོས་གྲངས་ཕོན་ཆེ་ཤོས་བླངས་སྟབས་ལས་ཐོག་སྲིད་འཛིན་གྱིས་ཕམ་ཉེས་ཁས་ལེན་གྲབས་བྱས་དགོས་བྱུང་ཡོད། མལ་དིཝ་སིའི་མི་དམངས་རྣམས་ཀྱི་ཁོ་ཚོའི་འདོད་པ་ཅི་ཡིན་མིན་ཐག་གཅོད་བྱས་ཡོད། སྲིད་འཛིན་ཡ་མིན་གྱིས་སྙན་ཐོ་ཞིག་གི་ནང་། ངས་གྲུབ་འབྲས་ལ་ཁས་ལེན་བྱས་ཡོད་ཅེས་བཤད་ཡོད་པ་རེད།

འོས་བསྡུ་ཚར་རྗེས་ཀྱི་ཁོར་ཡུག་དེས་མལ་དིཝ་སིའི་མང་གཙོའི་སྒྲིག་འཛུགས་རྣམས་ལ་རེ་བ་ཞིག་སྦྱིན་ཡོད། ད་ལོའི་ལོ་སྟོད་དུ་རྫ་དྲག་དབང་བསྒྱུར་འོག་ནས་ཉེན་ཚབས་ཆེན་པོ་འཕྲད་ཡོད་པ་རེད། མལ་དིཝ་སིའི་མང་གཙོའི་སྒྲིག་འཛུགས་དེ་ད་ཆ་སླར་ཡང་བརྟན་ལྷིང་ཡོང་རྒྱུ་ཡིན་པ་རེད། རྫ་དྲག་གི་ཆ་རྐྱེན་འོག་ངེས་མེད་དབང་ཆ་བྱེད་སྤྱོད་བྱས་པ་དེས་སྐུ་ཚབ་འཛིན་སྐྱོང་སྒྲིག་འཛུགས་ལ་འགྱུར་བ་དུས་ཐུང་ཞིག་བཏང་ཡོད། ཕྱོགས་འགལ་ཚོགས་པའི་ཆབ་སྲིད་མི་སྣ་ཁ་ཤས་བཙོན་དུ་ཚུད་པ་དང་རྒྱལ་ཁབ་ཀྱི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་ན་ཤིད་ཚུད་པའི་དེ་མིན་གཞན་ཁ་ཤས་བཙན་བྱོལ་དུ་ཕྱིན་ཡོད། འདི་དག་ཚང་མར་ད་ལྟའི་སྲིད་འཛིན་གསར་པའི་འོག་ནས་འགྱུར་བ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་རེད།

འོན་ཀྱང་དེ་ནས། སྲིད་འཛིན་ཡ་མིན་གྱིས་འོས་བསྡུའི་གྲུབ་འབྲས་ནང་ཕམ་ཉེས་ཤོར་བ་ཁས་ལེན་བྱས་ནས་ཉིན་ཤས་སོང་རྗེས་ཁོ་རང་གི་བསམ་བློར་འགྱུར་བ་གཏང་རྒྱུའི་ཐག་གཅོད་བྱས་པ་རེད། གཟའ་འཁོར་འདིའི་འགོ་སྟོད་དུ་ཁོང་གིས་ཆེས་མཐོའི་ཁྲིམས་ཁང་ལ་འོས་བསྡུའི་གྲུབ་འབྲས་ལ་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་པའི་ཐོག་ནས་འོས་བསྡུའི་གྲུབ་འབྲས་ལ་དྲི་བ་བཏོན་པ་རེད། ཁོས་བཤད་པར་གཞིགས་ན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་འོས་བསྡུ་རྣམས་དྲང་བདེན་དང་རང་དབང་ངང་ལྡན་པ་ཞིག་བྱུང་མེད་པའི་བསམ་ཚུལ་བཤད་མཁན་བྱུང་ཡོད་པ་རེད། སྤྱིར་གཏང་བྱེད་ན་གནས་ཚུལ་དེ་རྒྱུན་གཏན་མ་ཡིན་པ་ཞིག་ཡིན་ཏེ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཁ་ཤས་བཙོན་དུ་ཡོད་པ་དང་འོས་བསྡུ་རྣམས་དབང་ཤུགས་ཆེ་བའི་སྲིད་འཛིན་གྱི་ལྟ་འདོམས་འོག་གནས་རྒྱུ་ཞིག་ཡིན་པ་རེད། ཇི་ལྟར་ཀྱང་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཡ་མིན་གྱི་ཞུ་གཏུགས་དེར་ཉན་ཞིབ་བྱ་རྒྱུ་དང་རྩད་ཞིབ་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།

སྲིད་འཛིན་གྱི་ཁ་ཆུའི་དགེ་སྐྱོན་ཇི་ཞིག་ཡིན་རུང་། ཉེ་ཆར་གྱི་འོས་བསྡུ་དང་འབྲེལ་བའི་འགྱུར་འགྲོས་འདི་དག་ཉིན་རེ་བཞིན་ནག་ཀློང་ཆེ་རུ་འགྲོ་བཞིན་ཡོད། སྲིད་འཛིན་ཡ་མིན་གྱིས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ནས་ཉིན་གཅིག་རྗེས་ལ་ཁོང་གིས་རྒྱལ་ཁབ་ཀྱི་འོས་བསྡུ་ལྷན་ཁང་ལ་གདོང་ཐུག་བྱ་རྒྱུའི་འབད་བརྩོན་བྱས་ཡོད། ཁོང་གིས་འོས་བསྡུ་ལྷན་ཁང་གི་འཐུས་མི་རྣམས་ནས་ཕྱོགས་འགལ་ཚོགས་པའི་ལྐོག་དངུལ་བླངས་པའི་ཉེས་འཛུགས་བྱས་ཡོད། དེ་རྗེས་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་འོས་བསྡུ་ལྷན་ཁང་གི་འཐུས་མི་རྣམ་པའི་སྡོད་ཁང་གི་ཕྱི་ལོགས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད། དེའི་འཇིགས་སྣང་གིས་འོས་བྡུ་ལྷན་ཁང་གི་སྐུ་ཚབ་ལྔ་ནས་བཞི་རྒྱལ་ཁབ་ནས་བྲོལ་བྱོལ་དུ་ཕྱིན་ཡོད། འོས་བསྡུ་ལྷན་ཀང་གི་སྐུ་ཚབ་གཅིག་པུ་སྐུ་ཞབས་ཨཧ་མད་ཤ་རིཕ་ཡིས་དེ་མུར་སྡོད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་ཁོང་གིས་ཁོང་གི་ལས་རོགས་རྣམས་ཀྱི་སྡོད་ཀང་མཐའ་སྐོར་དུ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་སྡིག་སྐུལ་ཤུགས་ཆེ་བྱས་ཡོད་པ་རེད།

སྲིད་འཛིན་ཡ་མིན་གྱི་ལོ་ལྔའི་ལས་ཡུན་དེ་ཟླ་ ༡༡ ཚེས་ ༡༧ ཉིན་ནས་མཇུག་སྒྲིལ་གྱི་ཡོད། ཆེས་མཐོའི་ཁྲིམས་ཁང་གིས་བདུན་ཕྲག་འདིའི་གཟའ་ཉི་མར་ཟླ་ ༩ ཚེས་ ༢༣ གྱི་འོས་ཤོག་དེ་རྩིས་མེད་གཏང་རྒྱུར་ཞུ་སྐུལ་བྱས་པའི་ཞུ་སྙན་དེར་ཉན་ཞིབ་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དེ་ལྟར་ན་རྒྱ་གར་རྒྱ་མཚོའི་ནང་གི་རྒྱལ་ཁབ་དེའི་མང་གཙོའི་མ་འོངས་མདུན་ལམ་དེ་ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཐག་གཅོད་ཡོང་རྒྱུ་ཡིན་པ་རེད། མལ་དིཝ་སིའི་ཆེས་མཐོའི་ཁྲིམས་ཁང་གིས་མ་འོངས་པའི་ལག་ལེན་ཐག་གཅོད་གནང་སྐབས་མལ་དིཝ་སིའི་གྲོགས་པོ་ཚང་མས་རྒྱལ་ཁབ་དེའི་ནང་གི་མང་གཙོ་སྒྲིག་འཛུགས་ཉམ་ང་བ་དེ་མཐའ་མཇུག་ཏུ་བརྟན་གནས་ཡོང་རྒྱུར་ཡིད་ཆེད་བྱེད་ཀྱི་རེད།

མ་ཟིན། ཨེམ་ཀེ་་ཏིག་ཀུ། ཆབ་སྲིད་འགྲེལ་བརྗོད་པ།