རྒྱ་ནག་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཆ་མེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པ་ལ་རྒྱབ་སྐྱོར་དང་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་༧གོང་ས་སྐྱབས་མགོན་ཏ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཆ་ཡོད་པ་ཁས་ལེན་བྱས་མི་འདུག ཨ་རིའི་གྲོས་ཚོགས་ནང་ཕྱི་ཟླ་༡༢པའི་ཚེས་༤ཉིན་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ཞེས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་།  ཁྲིམས་ཀྱི་དབང་བསྒྱུར་ཞེས་པའི་བརྗོད་གཞི་ཐོག་བཀའ་མོལ་གནང་ཡོད་པ་དང་། ཉན་ཞིབ་གཙོ་སྐྱོང་མཁན་ཨ་རིའི་སྤྱི་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Cory Gardner ལགས་ཀྱི་གསུངས་དོན་།ངས་བསམ་པར་ཨ་རིའི་གྲོས་ཚོགས་ཀྱིས་ངོས་ནས་འབྱུང་འགྱུར་རྒྱ་ནག་གིས་ཏ་ལའི་བླ་མ་ཡང་སྲིད་བསྐོ་བཞག་བྱས་པ་ཡིན་ན་ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་མོས་ཐོག་ལ་བརྩི་མེད་རྡོག་རོལ་བཏང་བཞིན་།འབྱུང་འགྱུར་༧གོང་ས་སྐྱབས་མགོན་ཏ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་རྒྱ་ནག་རང་ལ་ཐོབ་ཐང་ཡོད་པ་བརྗོད་པར་བརྟེན་།ཨ་རིའི་གྲོས་ཚོགས་ཀྱིས་དེ་ལ་ངོས་ལེན་མེད་པ་མ་ཟད།  ཨ་རིའི་གཞུང་གིས་ལངས་ཕྱོགས་ཀྱི་སྐོར་དྲི་རྩད་བྱེད་སྐབས་སུ་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་དྲུང་གཞོན་ལས་རོགས་Laura Stoneལགས་ཀྱིས་ལན་འདེབས་ནང་།ཆོས་ཕྱོགས་ཀྱི་གནད་དོན་དེ་།ཆོས་ཕྱོགས་ཀྱི་འབྲེལ་ཡོད་ཚོགས་པས་ཐག་གཅོད་བྱེད་རྒྱུ་ལས་།སྲིད་གཞུང་གིས་དེ་ལ་ཐེ་གཏོགས་བྱེད་རྒྱུ་མེད་པ་ཨ་རིའི་ལངས་ཕྱོགས་གསལ་པོ་དེ་ཡིན་པ་མ་ཟད་།ཨ་རིའི་མི་དམངས་ཀྱིས་དེ་ལྟར་རྒྱབ་སྐྱོར་ཡོད་པ་རེད་ཅེས་གསུངས་འདུག   དེ་བཞིན་གྲོས་ཚོགས་ཉན་ཞིབ་ཐོག་གླེང་སློང་བྱུང་དེ་རང་གིས་གནད་དོན་དེ་གལ་ཆེན་པོ་ཞིག་ཡིན་པ་།རྒྱ་ནག་ལ་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད་ལ་།དེ་བཞིན་ཨ་རིའི་གཞུང་གི་མཐོ་རིམ་མི་སྣའི་གནད་དོན་དེ་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད་ཅེས་བརྗོད་འདུག ཉན་ཞིབ་དེའི་ཐོག་ཨ་རིའི་གྲོས་ཚོགས་གྱི་ཤར་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོ་།རྒྱ་སྤྱིའི་དྲ་རྒྱ་བདེ་འཇགས་སྲིད་ཇུས་ཐོག་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་ཚོགས་མི་རྣམ་པ་དང་།དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་རྒྱལ་སྤྱི་ཡར་རྒྱས་ལས་ཁང་བཅས་ཀྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་པ་རེད་ཡང་གོང་ཞུས་ཚོགས་ཆུང་དེའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Cory Gardner ལགས་ཀྱིས་ཉན་ཞིབ་ཐོག།བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་དེའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལངས་ཕྱོགས་ཇི་ཡོད་དྲི་རྩད་སྐབས་སུ་ཉན་ཞིབ་ཐོག་ཕེབས་པའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ Laura Stone་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་ལུགས་དང་གལ་སྲིད་ཁྲིམས་འཆར་དེ་གཏན་འབེབས་བྱས་ཚེ་འབྲུ་དོན་བཞིན་ལག་ལེན་བསྟར་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག