ཁུ་ཚུར་སྣུན་རྩལ་མ་མེ་རི་ཀོམ་མཆོག་རྒྱ་སྤྱིའི་ཁུ་ཚུར་རྩེད་འགྲན་ལྷན་ཚོགས་ཀྱི་རྩེད་འགྲན་གོ་གནས་མཐོ་རིམ་དུ་རྩེད་ཕུད་སོན་པ།

༄། རྒྱ་གར་གྱི་ཁུ་ཚུར་སྣུན་རྩལ་མ་ཨེམ་སི་མེ་རི་ཀོམ་མཆོག་རྒྱ་སྤྱིའི་ཁུ་ཚུར་རྩེད་འགྲན་ལྷན་ཚོགས་ཀྱི་ཉེ་ཆར་སྟོན་པའི་རྩེད་འགྲན་གོ་གནས་མཐོ་རིམ་དུ་རྩེད་ཕུད་སོན་ཡོད་འདུག་

དེ་ཡང་ལོ་སྔོན་ཟླ་མཇུག་ཏུ་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་བུད་མེད་ཁུ་ཚུར་རྩེད་འགྲན་གྱི་ཀི་ལོ་༤༨ སྡེ་ཚན་གྱི་འགྲན་བསྡུར་མཐའ་རྒྱ་གར་གྱི་ཁུ་ཚུར་རྩེད་འགྲན་པ་གྲགས་ཅན་ཨེམ་སི་མེ་རི་ཀོམ་མཆོག་གིས་མར་ཡུཀ་རེན་གྱི་ཧཱ་ན་ཨོཀ་ཊ་ཝར་༥-༠ ཡིས་ཕམ་ཉེས་དྲག་པོ་གཏོང་སྟེ་རྒྱལ་སྤྱིའི་བུད་མེད་ཁུ་ཚུར་རྩེད་འགྲན་པའི་ལོ་རྒྱུས་ནང་གསེར་གྱི་རྟགས་མ་༦ ཐོབ་མཁན་དང་པོར་འགྱུར་ནས་ལོ་རྒྱུས་གསར་གཏོད་གནང་འདུག་

རྒྱ་གར་གྱི་མཱ་ནི་པུར་མངའ་སྡེ་ནས་ཡིན་པའི་ལོ་ན་༣༥ སོན་པའི་མེ་རི་ཀོམ་མཆོག་གིས་སྤྱི་ལོ་༢༠༠༢ དང་༢༠༠༥,༢༠༠༦ ,༢༠༠༨ ,༢༠༡༠ ལོའི་རྒྱལ་སྤྱིའི་བུད་མེད་ཁུ་ཚུར་རྩེད་འགྲན་དུ་གསེར་གྱི་རྟགས་མ་བཞེས་ཡོད་འདུག་ དེ་མིན་མེ་རི་ཀོམ་མཆོག་གིས་སྤྱི་ལོ་༢༠༠༡ ལོའི་རྒྱལ་སྤྱིའི་ཁུ་ཚུར་རྩེད་འགྲན་དང་པོར་དངུལ་གྱི་རྟགས་མ་བཞེས་ཡོད་འདུག་ ད་ལན་ཡུཀ་རེན་གྱི་ཁུ་ཚུར་རྩེད་འགྲན་པ་ལྷན་དུ་འགྲན་བསྡུར་ནི་འདས་པའི་ཟླ་བ་གསུམ་ནང་ཐེངས་གཉིས་པ་ཡིན་འདུག་

ཁོ་མོས་ལོ་རྒྱུས་ཅན་གྱི་རྒྱལ་ཁ་རྗེས་གསར་འགོད་པའི་ལྷན་དུ་གཏམ་གླེང་སྐབས་ད་ལན་གྱི་རྒྱལ་ཁ་དེ་རྒྱ་གར་བ་ཚང་མར་བསྔོ་འབུལ་གནང་བ་བརྗོད་འདུག་ དེ་བཞིན་ཁོ་མོར་དགའ་མོས་ཅནརྣམས་རྩེད་ཁང་དུ་སླེབས་སྟེ་ཁོང་དང་རྒྱ་གར་གྱི་རྩེད་འགྲན་པར་དགའ་བསུའི་སྐད་འབོད་གནང་བར་ཐུག་རྗེ་ཆེ་ཞུ་གནང་འདུག་ འདས་པའི་ལོ་མང་པོ་ནས་ཁོ་མོས་དགའ་མོས་ཅན་གྱི་ཁོང་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་བརྗོད་འདུག་ སྲིད་འཛིན་དང་སྲིད་བློན་ དབུས་རྩེད་རིགས་བློན་ཆེན་བཅས་ཀྱིས་ཁོང་ལ་ཏུའི་ཏར་བརྒྱུད་འཚམས་འདྲི་ཞུས་འདུག་

ལྗིད་ཚད་ཀི་ལོ་༥༧ གྱི་བུད་མེད་ཁུ་ཚུར་རྩེད་འགྲན་མཐའ་མར་སོ་ནི་ཡཱ་ཅོ་ཧལ་ཇར་མ་ནི་ཡི་ཨོར་ནེ་ལཱ་ལས་ཕམ་སྟེ་དངུལ་གྱི་རྟགས་མར་འདོད་བློ་ཁེངས་དགོང་བྱུང་ངོ།