ཊྲམྤ་མཆོག་དང་ཀིམ་མཆོག་གཉིས་མཇལ་ཕྲད་མ་གནང་གོང་ཨ་རི་དང་བྱང་ཀོ་རི་ཡ་རྒྱལ་ཁབ་དབར་མཇལ་ཕྲད་གནང་རྒྱུ་ཡིན་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊྲམྤ་མཆོག་དང་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨུན་མཆོག་གཉིས་ཝེ་ཊི་ནམ་རྒྱལ་ནང་དུ་འདི་ཟླའི་མཇུག་མཚམས་སུ་མཇལ་ཕྲད་ཐེངས་གཉིས་པ་དེ་མ་གནང་གོང་ཨ་རི་དང་བྱང་ཀོ་རི་ཡ་རྒྱལ་ཁབ་དབར་ཨེ་ཤི་ཡའི་ས་ཁུལ་ཞིག་ཏུ་མཇལ་ཕྲད་གནང་རྒྱུ་ཡིན་པའི་སྐོར་ལྷོ་ཀོ་རི་ཡའི་འཛིན་སྐྱོང་གིས་གསུངས་འདུག།

དེའང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ཨ་རི་དང་བྱང་ཀོ་རི་ཡའི་མཇལ་ཕྲད་ཀྱི་གྲ་སྒྲིག་ཚོགས་འདུ་དེ་བདུན་རྩི་རྗེས་མར་ཚོགས་སྲིད་སྐོར་གསུངས་འདུག།
དེའང་ཝེ་ཊི་ནམ་ལ་ཚོགས་རྒྱུ་ཡིན་པའི་ཚོགས་ཆེན་དེའི་གྲ་སྒྲིག་གནང་ཆེད་དུ་བྱང་ཀོ་རི་ཡ་ལ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སི་ཊི་ཕེན་བེ་གུན་མཆོག་གིས་བྱང་ཀོ་རི་ཡའི་རྒྱལ་ས་པི་ཡོང་ཉང་དུ་སྔོན་བདུན་ཕྲག་ཏུ་ཕེབས་ཡོད་པ་རེད་འདུག།