མ་འོངས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་གིས་ངོས་འཛིན་བྱས་པ་ཡིན་ན་ཨ་རིས་ངོས་ལེན་མེད་ཟེར།

གལ་སྲིད་རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱས་ན་ཨ་རིའི་ངོས་ནས་དུས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Cory Gardner)གིས་གསུང་འདུག

དེ་ཡང་ཕྱི་ཚེས་༩་ཉིན།དེ་སྔ་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཁྲིམས་སུ་གཏན་འབེབས་གནང་བའི་ཨེ་ཤེ་ཡ་འགན་ལེན་བསྐྱར་སྣོན་རང་འགུལ་ཁྲིམས་ཡིག་(Asia Reassurance Initiative Act) ཞེས་པའི་ཁྲིམས་ཡིག་དེའི་འོག་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་དང་།འགྲོ་བ་མིའི་ཐོབ་ཐང་།ཁྲིམས་ཀྱི་དབང་བསྒྱུར་ཀྱི་ཚོགས་ཆུང་གིས་བོད་དོན་ཉན་ཞིབ་གནང་ཡོད་པ་དང་།ཨ་རིའི་གྲོས་ཚོགས་གོང་མའི་ཨེ་ཤེ་ཡའི་ཕྱི་འབྲེལ་ལས་དོན་ཚོགས་ཚུང་གི་ཉན་ཞིབ་སྐབས།གྲོས་ཚོགས་འཐུས་མི་(Cory Gardner)་གིས།ཉེ་ཆར་རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་ལུགས་ཀྱི་གསལ་སྒྲགས་བྱས་ཡོད་པ་རེད།གལ་སྲིད་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་བ་ཡིན་ན་ང་ཚོ་ཨ་མི་རི་ཀའི་ངོས་ནས་དུས་ནམ་ཡང་ངོས་ལེན་བྱེད་ཐུབ་གྱི་མ་རེད་ཅེས་གསུངས་ཡོད་པ་རེད།ཡང་ཁོང་གིས་མུ་མཐུད་ནས་གསུང་ན།༧གོང་ས་མཆོག་གི་ངོས་ནས་མ་འོངས་ཡང་སྲིད་སྐོར་གྱི་དགོངས་གཞི་དང་ཐག་གཅོད་ལ་ང་ཚོ་ཨ་མི་རི་ཀའི་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་ནན་བརྗོད་གནང་ཡོད།

དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་ཐད་དམ་དྲག་དང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐྱོན་བརྗོད་བྱས་ཡོད།