རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བསྔགས་བརྗོད་བྱེད་པ།

འདས་པའི་ལོ་ཤས་རིང་གི་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་དེ་སྤྱི་ཡོངས་ཀྱི་ཆ་ནས་བརྒྱ་ཆ་ ༧ རྒལ་བ་བྱུང་ཡོད། འདིའི་ཐོག་ནས་རྒྱ་གར་འདི་ཉིད་འཛམ་གླིང་ནང་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཤིག་ཆགས་ཡོད། རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་དཔལ་འབྱོར་ཉམ་དམས་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་མ་འཇོག་བྱེད་མཁན་རྣམས་ལ་ཉམ་གུད་ཀྱི་ཉེན་ཁ་ཁག་གཅིག་འཕྲད་པ། ཚོང་ལས་རང་སྲུང་རིང་ལུགས་ཀྱི་རླུང་ཚུབ་ཤུགས་ཆེ་ལྡང་བ། དབྱིན་ཇི་ཡོ་རོབ་སྤྱི་མཐུན་ནས་ཕྱིར་ཐོན་བྱ་རྒྱུར་གཏན་འཁེལ་མེད་པ་བཅས་ལ་མ་ལྟོས་པར་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཐུབ་པ་དེ་དེ་བས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་སྙན་ཐོ་ཆེས་གསར་ཤོས་དེའི་ནང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བསྔགས་བརྗོད་ཞུས་ཡོད་པ་དང་སྤྱི་ལོ་ ༢༠༡༩-༢༠ ལོའི་དངུལ་རྩིས་ལོའི་ནང་འཕེལ་རྒྱས་འགྲོ་ཚད་བརྒྱ་ཆ་ ༧.༣ ཆགས་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་པ་རེད། མ་ཟད་ཚོགས་པ་དེས་རྒྱ་གར་ནང་ལ་མ་འཇོག་བྱེད་ཚད་ཐོག་ལའང་འཕར་ཆ་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་འཕེལ་རྒྱས་དེ་བཞིན་གཞི་རྩའི་ཆ་ནས་འདས་པའི་ལོ་ཤས་ནང་རྒྱ་གར་གྱིས་བསྐྱར་བཅོས་ཆེན་པོ་ཁག་ཅིག་ལག་བསྟར་བྱས་པ་དེ་དག་ལ་རྟེན་ནས་བྱུང་བ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད། འཕེལ་རྒྱས་འདི་ལྟར་ཞིག་བྱུང་བ་ལྟར། རྒྱ་གར་གྱིས་ཁྲོམ་རའི་གོང་ཚད་འཕར་ཚད་ལ་སྟངས་འཛིན་ཐུབ་པ་དང་དངུལ་རྩིས་ཆད་ཆ་མ་དངུལ་ནང་གཏན་འཁེལ་བྱས་པ་ལྟར་ཚོད་འཛིན་ཐུབ་རྒྱུ་ཡིན་པ་རེད།

རྒྱ་གར་གྱིས་དཔལ་འབྱོར་ལེགས་བཅོས་ཆེ་གྲས་ཁག་ཅིག་ལག་བསྟར་བྱས་ཡོད་པ་དེ་དག་ལ་རྒྱལ་སྤྱི་རྒྱལ་ནང་གི་ཚོང་ལས་དང་དཔལ་འབྱོར་ཆེད་ལས་པ་མང་པོ་ཞིག་གིས་བསྔགས་བརྗོད་བྱས་ཡོད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡ གི་མཚན་དགུང་ཆུ་ཚོད་ ༡༢ ཏག་ཏག་ཐོག་གསལ་བསྒྲགས་བྱས་པའི་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་བཟང་ཕྱོགས་ཤུགས་རྐྱེན་ནན་བརྗོད་བྱས་ཡོད། དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་དེ་བཞིན་རྒྱལ་ཁབ་གཅིག་ལ་ཁྲོམ་ར་གཅིག་གི་རྩ་དོན་ལ་གཞི་བཅོལ་བ་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་ཁྲོད་དུ་མང་གཙོའི་རྒྱལ་ཁབ་ཆེ་གྲས་ཤིག་གིས་དངོས་སུ་མཐོང་བའི་ཚོད་བལྟ་ཡག་ཤོས་ཤིག་ཀྱང་ཆགས་ཡོད་པ་རེད། དེའི་ཐོག མ་རྩ་སྟོང་བའི་ཁྲིམས་ལུགས་བཟོས་པ་དེས་མ་རྩ་སྟོང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཚོང་ལས་གཉེར་རྒྱུ་ལས་སླ་རུ་བཏང་བ་བཅས་ཀྱི་ཐོག་ནས་ཕན་ཐོགས་འཕར་མ་ཞིག་བྱུང་ཡོད།

ནང་འདྲེན་འགྲོ་ལམ་མ་གཅིག་པ་དང་ཉོ་སྒྲུབ་ཆོག་མཆན་ཐོབ་སླ་རུ་བཏང་བ་ལྟ་བུའི་ལེགས་བཅོས་ཁག་གིས་ཀྱང་ཚོང་ལས་ཁོར་ཡུག་ཇི་ལེགས་སུ་བཏང་བ་དང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་བྱུང་ཡོད། འདས་པའི་ལོ་ཤས་ནང་ཌི་ཇི་ཊལ་ཁྱབ་སྤེལ་བྱེད་ཤུགས་ཆེན་པོ་བྱུང་ཡོད་པ་དེའི་ནང་ཉོ་སྒྲུབ་དང་སྤྲོད་ལན་ཆེད་ཌི་ཇི་ཊལ་རྒྱུད་ལམ་བེད་སྤྱོད་བྱ་རྒྱུ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སྤྱི་ཚོགས་རོགས་རམ་ལས་གཞི་ཁག་ལ་ཌི་ཇི་ཊལ་ཐོག་ནས་མ་དངུལ་རྒྱུད་སྤྲོད་བྱ་རྒྱུ་བཅས་ཚུད་ཡོད་པ་རེད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་རྒྱ་གར་གྱི་ཌི་ཇི་ཝལ་བཅོས་བསྒྱུར་ཐོག་ནས་ཁྲིམས་འགལ་བྱེད་པའི་གོ་སྐབས་ཉུང་དུ་བཏང་བར་བསྔགས་བརྗོད་ཀྱང་བྱས་ཡོད། རྒྱལ་སྤྱིའི་དངུལ་ཁང་དང་ཨེ་ཤི་ཡའི་ཡར་རྒྱས་དངུལ་ཁང་ལྟ་བུ་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་པ་གཞན་རྣམས་ཀྱིས་ཀྱང་རྒྱ་གར་གྱི་དཔལ་འབྱོར་ལེགས་བཅོས་ལ་བསྔགས་བརྗོད་བྱས་ཡོད། རྒྱལ་སྤྱིའི་དངུལ་ཁང་གི་ཚོང་ལས་གཉེར་བདེའི་རིའུ་མིག་ནང་རྒྱ་གར་གྱི་གནས་རིམ་སྤྱི་ལོ་ ༢༠༡༦ ལོར་ ༡༣༠ ཡིན་པ་ནས་སྤྱི་ལོ་ ༢༠༡༨ ལོར་ ༧༧ བར་མདུན་མཆོངས་བྱས་པ་དེ་ལོ་རྒྱུས་རང་བཞིན་སྒྲོམ་གཞི་དང་དངུལ་རྩིས་ལེགས་བཅོས་བྱས་པ་རྣམས་ཀྱི་གྲུབ་འབྲས་ཡིན་པ་རེད།

འཕེལ་རྒྱས་སྔོན་དཔག་བྱེད་མཁན་རྣམས་ཀྱིས་རྟེན་འབྲེལ་བྱེད་འོས་པའི་སྐད་ཆ་བཤད་ཀྱི་ཡོད་ཀྱང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ངོས་ནས་རྒྱ་གར་ལ་གཟབ་ནན་བྱེད་དགོས་པའི་ཉེན་བརྡ་ཞིག་ཡོད་པ་ནི་འཕེལ་རྒྱས་ཀྱི་དུས་བཟང་ལ་བར་ཆད་འཕྲད་སྲིད་པ་དེ་ཡིན་པ་རེད། ཡར་རྒྱས་འགྲོ་བཞིན་པའི་ཁྲོམ་ར་ཁག་ཚུད་པའི་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་དེ་རེ་ལྟོས་བཟང་པོ་ཡོད་པ་ཞིག་མིན་པ་དང་དེའི་ཐོག་ནས་རྒྱ་གར་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་ཞིག་རེད། རྒྱ་གར་ལ་ཞབས་ཞུ་དང་སྣུམ་རྗེན་གྱི་རིན་གོང་ཁེ་རུ་གཏོང་བའི་ཆ་ཚད་ཅིག་ཡོད་པ་དེ་འབྱུང་འགྱུར་ལོ་ཤས་ནང་མེད་པ་ཆགས་སྲིད་པ་རེད། དེས་ན། འཕེལ་རྒྱས་རྒྱུན་གནས་ཡོད་ཆེད་དུ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་དངུལ་རྩིས་ཟླ་སྒྲིལ་མུ་མཐུད་གཏང་དགོས་པ་དང་མི་དམངས་བུ་ལོན་ཉུ་འཕྲི་བྱེད་དགོས་པ་བཅས་ཀྱི་ལམ་སྟོན་གནང་ཡོད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་བྱེ་བྲག་ཏུ་གསལ་འདོན་བྱས་པར་སྔར་བས་མགྱོགས་པ་དང་ཆ་ཚང་བའི་འཕེལ་རྒྱས་ཤིག་ཡོང་ཆེད་དང་ཚོང་ལས་ཀྱི་ཁོར་ཡུག་ཡག་ཏུ་གཏོང་ཕྱིར་དངུལ་ཁང་དང་ངལ་རྩོལ་ཁྱབ་ཁོངས་ནས་ལེགས་བཅོས་བྱེད་དགོས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་དངུལ་ཁང་ཁག་དང་ལྷག་པར་དུ་གཞུང་གི་དངུལ་ཁང་ཁག་གི་བེད་མེད་རྒྱུ་ནོར་རྣམས་ཉུང་འཕྲི་མངོན་གསལ་བྱེད་དགོས་པ་དང་དངུལ་དམར་བསྒྱུར་གྱི་ཚད་གཞི་ཆེ་རུ་གཏང་དགོས་པའི་བསམ་ཚུལ་སྟོན་ཡོད།

རྒྱ་གར་གྱི་དམ་བཅའ་གཙོ་བོ་དེ་བཞིན་ཚོང་ལས་ལ་བར་ཆད་བཟོ་བའི་ཁྲིམས་ལུགས་དང་འགྲོ་ལུགས་རྙིང་སོང་རྣམས་མེད་པ་བཟོས་ཏེ་ལེགས་བཅོས་འཆར་གཞིའི་ཐོག་མུ་མཐུད་བརྟན་པོར་མདུན་བསྐྱོད་བྱ་རྒྱུ་དེ་ཡིན་པ་རེད། མ་ཟད་རྒྱ་གར་གྱིས་མ་འཇོག་བློ་འགུག་འགོ་འཛུགས་ཆེད་དང་ཕྱིར་ཚོང་གིས་སྣེ་ཁྲིད་པའི་འཕེལ་རྒྱས་ཀྱི་ཆེད་དུ་སྲིད་བྱུས་བཟོ་བཞིན་ཡོད་པ་རེད། གསར་གཏོད་དང་ཚོང་ལས་གསར་སྤེལ་གྱི་ཟིན་ཐོ་འགོད་པའི་ཐོག་ནས་རྒྱ་གར་འདི་ཉིད་མུ་མཐུད་རྒྱལ་སྤྱིའི་དཔལ་འབྱོར་གྱི་བྱེད་གཏེ་ཞིག་ཆགས་རྒྱུ་ཡིན་པ་རེད།

མ་ཟིན། སཏྱ་ཇིད་མོ་ཧན་ཏི། ཨའི་ཨར་ཨེ་སི། དཔལ་འབྱོར་དཔྱད་ཞིབ་པ་རྒན་པ།