པ་ཀི་སི་ཏན་ནང་གི་ཧ་ཛ་རའི་དཀའ་སྡུག

ཉེ་ཆར་ཁི་ཏའི་ཐོག་འཇིགས་སྐུལ་དྲག་སྤྱོད་སྤེལ་ཏེ་ཧ་ཛ་ར་རུ་སྡེའི་ཁོངས་མི་ ༢༠ བསད་པ་དང་ ༤༨ རྨས་སྐྱོན་བཏང་བ་དེ་བཞིན་པ་ཀི་སི་ཏན་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་བབ་དྲན་གསོ་བྱ་བྱེད་ཅིག་ཆགས་ཡོད། ཧ་ཛ་རི་ཐོག་དྲག་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་པ་ཀི་སི་ཏན་ནང་གི་གྲངས་ཉུང་མི་རིགས་ཐོག་ཕོག་པའི་དེ་ལྟའི་དྲག་སྤྱོད་ཀྱི་རང་བཞིན་ཐོག་དྲི་བ་ཐོན་ཡོད་པ་རེད། ལ་ལས་བཤད་པར་གཞིགས་ན་དྲག་སྤྱོད་དེ་སུ་ནི་ཤིའ་ཆོས་ལུགས་དྲག་སྤྱོད་ཀྱི་ཁྱབ་གདལ་ཞིག་ཡིན་པ་དང་གཞན་ཁག་གཅིག་གིས་ཧ་ཛ་རའི་རུ་སྡེར་གོ་རིམ་ལྡན་པའི་དྲག་གནོན་བྱེད་པ་ཞིག་ཡིན་ཚུལ་བཤད་ཡོད།

ཧ་ཛ་ར་རྣམས་ཀྱིས་ས་གནས་སྲིད་གཞུང་དང་དབུས་གཞུང་གཉིས་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་རེད། ཁོ་ཚོའི་དགོས་འདུན་དེ་ཁག་གཉིས་ཆགས་ཡོད་པ་ལས་དང་པོ། ཁོ་ཚོའི་རུ་སྡེར་དམིགས་ནས་མི་སྲོག་བཅད་པའི་འགན་ཁག་ཡོད་མཁན་དྲག་སྤྱོད་ཚོགས་པ་ཁག་གི་ཐོག་ལ་ལག་ལེན་འཁྱེར་དགོས་པ་དང་། གཉིས་པ། ཡུན་རིང་ནས་ཁས་ལེན་བྱས་པའི་རྒྱལ་ཡོངས་ལག་བསྟར་འཆར་གཞི་གནད་སྨིན་ལག་བསྟར་བྱེད་དགོས་པ་དེ་ཡིན་པ་རེད། ཧ་ཛ་ར་ཞེས་པ་སུ་ཞིག་ཡིན་པ་དང་ཅིའི་ཕྱིར་ཁོ་ཚོ་པ་ཀི་སི་ཏན་ནང་གི་འཇིགས་སྐུལ་ཚོགས་པའི་དམིགས་འབེན་དུ་གྱུར་བའི་རྒྱུ་མཚན་ཤེས་འོས་པ་ཞིག་རེད།

པ་ཀི་སི་ཏན་ནང་གི་ཧ་ཛ་ར་རྣམས་ནི་སོག་པའི་ཁྱད་ཆོས་ལྡན་པའི་རུས་སྡེ་ཞིག་ཡིན་པ་དང་དཀྱིལ་ཤར་ཨེ་ཤི་ཡ་ནས་མཆེད་པ་ཞིག་ཡིན་པ་རེད། ཁི་ཏའི་ (བྷ་ལོ་ཆི་སི་ཏན་) ཧ་ཛ་ར་རྣམས་ཀྱིས་དད་མོས་བྱེད་ས་གཙོ་བོ་དེ་ཤིའ་ཆོས་དད་ཡིན་པ་དང་ཏ་ལི་བྷན་གྱི་དབང་ཤུགས་འོག་སྲོག་ཉེན་ལས་གཡོལ་ཕྱིར་ཨབ་གྷ་ནི་སི་ཏན་ནས་འཚོ་སྤོས་བྱས་པ་ཞིག་ཡིན་པ་རེད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སུན་ནི་ཆོས་ལུགས་གཙོར་བཟུང་ཚོགས་པ་རྣམས་ཀྱིས་ཧིན་དྷུ་དང་། ཡེ་ཤུ། ཨཧ་མ་ད་སི་བཅས་ཀྱི་གྲངས་ཉུང་མི་རིགས་དང་ཁོ་ཚོ་གཅིག་པར་རྩིས་པའི་དབང་གིས་པ་ཀི་སི་ཏན་ནང་ལའང་ཁོ་ཚོ་རྒྱུན་མཐུད་གཉའ་གནོན་དང་འཇིགས་སྐུལ་འོག་འཚོ་དགོས་ཀྱི་ཡོད་པ་རེད། དྲག་སྤྱོད་མཐའ་མ་དེ་བཞིན་ལཤ་ཀར་ཨི་ཇང་ཝི་ཡིས་ཏ་ལི་བྷན་གྱི་ཆ་ཤས་ཆུང་ང་ཞིག་དང་ལྷན་དུ་སྤེལ་བའི་ཁས་ལེན་བྱས་ཡོད། དྲག་སྤྱོད་དེའི་འགན་ཁག་ཨའི་ཨེ་སི་ (IS) ཡིས་ཀྱང་ཁས་ལེན་བྱས་པ་དེའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་སླེབས་ཚེ་ཁོ་ཚོ་ཚང་མ་མཉམ་རུག་ཐོག་ལག་བསྟར་དང་ཡ་ལན་བྱེད་ཀྱི་ཡོད་པ་རེད།

འདས་པའི་དུས་ཚོད་ནང་ལཤ་ཀར་ཨི་ཇང་ཝི་ཡིས་ཤིའ་རུ་སྡེའི་ཐོག་དྲག་སྤྱོད་རིམ་པ་མང་པོ་སྤེལ་ཡོད་པ་རེད། ཆེས་ཚབས་ཆེ་ཤོས་ཀྱི་དྲག་སྤྱོད་དེ་བཞིན་སྤྱི་ལོ་ ༢༠༡༣ ལོའི་འབར་རྫས་གས་གཏོར་དེས་ཧ་ཛ་ར་རུ་སྡེའི་མི་ ༢༠༠ ལྷག་བསད་པ་དེ་ཆགས་ཡོད། ཚབས་ཆེའི་དྲག་སྤྱོད་དེས་བཞིན་ཧ་ཛ་ར་རྣམས་ལ་ཉེན་ཁ་ཇི་ཡོད་དྲན་གསོ་བྱས་ཡོད་པ་དང་ཧ་ཛ་ར་རྣམས་ཁྲོམ་རར་བསྐྱོད་པར་ཉིན་ལྟར་བདེ་སྲུང་མི་སྣས་སྤྱི་སྤྱོད་རླང་འཁོར་དུ་སྲུང་བྱ་བྱེད་དགོས་པ་ཆགས་ཡོད། བདེ་སྲུང་གི་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་པར་འབར་རྫས་གས་གཏོར་གྱི་གནས་ཚུལ་ལྷག་ཡོད། དེས་ན་རྒྱལ་ཁབ་ནང་གི་གྲངས་ཉུང་མི་རིགས་རྣམས་ལ་བདེ་འཇགས་ཀྱི་ཉེན་ཚབས་འགོག་བཅོས་ཀྱི་འཇིགས་སྐུལ་ཁ་གཏད་ཐབས་བྱུས་གནད་སྨིན་ཞིག་མེད་པ་ར་སྤྲོད་བྱས་ཡོད། བཀག་སྡོམ་བྱས་པའི་ལཤ་ཀར་ཨི་ཇང་ཝའི་འགོ་ཁྲིད་དང་ཤིའ་ལ་མི་དགའ་བའི་གཏམ་བཤད་བྱས་པ་དང་དྲག་སྤྱོད་སྤེལ་བར་སྐད་གྲགས་ཆོད་པའི་མཐོ་ཤོས་རམ་ཛན་མེན་གྷལ་ཉེ་འཆར་གྱི་དྲག་སྤྱོད་མ་བྱུང་བའི་ཉིན་ཤས་གོང་ལ་གློད་གྲོལ་བཏང་ཡོད་པ་དེས་སྲིད་གཞུང་གི་ངོས་ནས་རྒྱལ་ཡོངས་ལག་བསྟར་འཆར་གཞི་ལག་བསྟར་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་མེད་ཀྱི་དྭོགས་པ་ཆེན་པོ་ཞིག་བསླངས་ཡོད།

ཧ་ཛ་ར་རྣམས་ཀྱིས་ཁོ་ཚོར་བདེ་འཇགས་དགོས་པའི་དགོས་འདུན་བསྐྱར་ཟློས་བྱེད་བཞིན་པ་དང་རྒྱལ་ཡོངས་ལག་བསྟར་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད། རྒྱལ་ཡོངས་ལག་བསྟར་འཆར་གཞི་དེ་བཞིན་པ་ཀི་སི་ཏན་སྲིད་གཞུང་གི་ལས་གཞིའི་དཔེ་མཚོན་རང་བཞིན་ཞིག་ཡིན་པ་དང་འཆར་གཞི་དེས་རྒྱལ་ཁབ་ནང་གི་འཇིགས་སྐུལ་ཚོགས་པ་ཚང་མ་མེད་པ་བཟོ་རྒྱུ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བའི་རྒྱལ་ནང་གི་ཉེན་ཚབས་ལ་གདོང་ལེན་བྱ་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན་པ་རེད། པ་ཀི་སི་ཏན་སྲིད་གཞུང་རིམ་བྱོན་གྱིས་རྒྱལ་ཡོངས་ལག་བསྟར་འཆར་གཞི་ལག་བསྟར་དོན་འཁྱོལ་བྱེད་ཐུབ་མེད་པ་རེད། ཨིམ་རན་ཁན་སྲིད་གཞུང་གིས་དུས་སྐབས་སྣ་ཚོགས་སུ་འཇིགས་སྐུལ་བ་དང་འཇིགས་སྐུལ་ཚོགས་པ་སུ་ཞིག་ལ་པ་ཀི་སི་ཏན་ནང་བྱ་སྤྱོད་སྤེལ་བའི་གོ་སྐབས་སྤྲད་རྒྱུ་མིན་ཞེས་བསྐྱར་བཤད་ཡང་བཤད་བྱས་ཡོད།

ཇི་ལྟར་ཀྱང་། སྲིད་གཞུང་གི་ཡ་ལན་དོ་ནན་ཞིག་མེད་པ་དང་ཚབས་ཆེའི་སྲོག་གཅོད་པ་དེ་དག་ཁྲིམས་ཀྱི་དྲྭ་བར་བཙུད་པའི་ཐབས་ལམ་ཡང་དག་ཞིག་ཀྱང་མེད་པ་རེད། པ་ཀི་སི་ཏན་ངོས་ནས་ཤིའ་དང་ཧ་ཛ་རར་ཁ་གཏད་ཀྱི་གཏམ་བཤད་ཡོང་ཁུངས་རྩ་མེད་ནན་པོ་མ་བྱེད་བར་དང་རྒྱལ་ནང་གི་བདེ་འཇགས་སླར་གསོ་མ་བྱེད་བར་ཧ་ཛ་ར་དམར་གསོད་གཏོང་རྒྱུའི་དམིགས་ཡུལ་དང་དེ་མིན་གྲངས་ཉུང་མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་དེ་དག་མཚམས་ཆད་རྒྱུ་མིན་པ་རེད།

མ་ཟིན། ཌག་ཌར་ཛེབ་ནབ་ཨག་ཏར། པ་ཀི་སི་ཏན་ཐོག་ཐབས་བྱུས་དཔྱད་ཞིབ་པ།