ཌ་ཏ་ཌར་བྷར་ལ་སྲོག་དོར་གཏོར་རྒོལ།

ར་མ་ཌན་ཟླ་བའི་ཉིན་གཉིས་པར་ལ་ཧོར་གྱི་སུ་ཕི་མཆོད་ཁང་ཌ་ཏ་ཌར་བྷར་ལ་སྲོག་དོར་འབར་གས་ཀྱི་དྲག་རྒོལ་བྱས་ཏེ་མི་ ༡༠ བསད་པ་དང་མི་ ༢༥ ལྷག་ལ་རྨས་སྐྱོན་བཏང་བ་དེའི་ཐོག་ནས་ད་དུང་ཡང་པ་ཀི་སི་ཏན་གྱིས་འཇིགས་སྐུལ་ཚོགས་པ་ཁག་ལ་གནས་ཡུལ་སྤྲད་ཀྱི་ཡོད་པ་དང་ད་ཆ་འཇིགས་སྐུལ་བ་དེ་དག་གིས་པ་ཀི་སི་ཏན་རང་ཉིད་ལ་རྒོལ་རྡུང་བཏང་ཡོད། སྲོག་དོར་འབར་གས་དྲག་རྒོལ་དེ་བཞིན་ར་མ་ཌན་གྱི་སྐབས་ལ་དད་ལྡན་པ་ཡོང་མཁན་མང་དུ་འགྲོ་བ་ལྟར་མཆོད་ཁང་ལ་སྲུང་སྐྱོབ་བྱ་ཕྱིར་ལས་བསྐོས་བྱས་པའི་བདེ་སྲུང་མི་སྣ་ལ་དམིགས་འབེན་བཟུང་བ་ཞིག་ཡིན་པར་སྣང་གི་ཡོད།
པ་ཀི་སི་ཏན་ནང་ལ་འཇིགས་སྐུལ་བས་སུ་ཕི་མཆོད་ཁང་ཞིག་ལ་གཏོར་རྒོལ་བྱས་པ་ད་རེས་ཐོག་མ་རེད། སེཧ་ཝན་ནང་ཡོད་པའི་ལཱལ་ཤཧ་བྷཛ་མཆོད་ཁང་དང་། པག་ཏ་པན་དུ་ཡོད་པའི་བྷ་བྷ་ཕ་རིད། ཀ་རཱ་ཆི་ནང་ཡོད་པའི་ཨབ་དུ་ལ་ཤཧ་གཱ་ཛི་ལྟ་བུར་ཡང་འདས་པའི་དུས་ཚོད་ནང་གཏོར་རྒོལ་བྱས་ཟིན་པ་རེད། མཆོད་ཁང་དེ་དག་གི་སུ་ཕི་རང་བཞིན་དང་འཇིགས་སྐུལ་བས་ཁོ་ཚོར་ཆོས་དད་རང་དབང་ཅན་དུ་རྩིས་ཀྱི་ཡོད་སྟབས་ཁོ་ཚོ་དྲག་སྤྱོད་ཀྱི་དམིགས་འབེན་ཆགས་པ་རེད། པ་ཀི་སི་ཏན་ཏ་ལི་བྷན་དང་། ལཤ་ཀར་ཨི་ཇང་ཝི། ཧིཛ་བྷུལ་ཨཧ་རར་( ས་གནས་ཏ་ལི་བྷན་གྱི་ཆ་ཤས་ཞིག་ཡིན་པར་བཤད་པ།) ལྟ་བུ་པ་ཀི་སི་ཏན་ནང་ལ་ཡོད་པའི་་འཇིགས་སྐུལ་ཚོགས་པ་རྣམས་ཀྱིས་ཌ་ཏ་ཌར་བྷར་གྱི་གཏོར་རྒོལ་དེའི་འགན་ཁག་ངོས་ལེན་བྱས་ཡོད་པ་དང་ཚང་མས་སུ་ཕི་ཡིས་དཀོན་མཆོག་གཅིག་ལས་མང་བར་དད་པ་བྱེད་པར་སྐྱོན་བརྗོད་བྱས་པ་དང་སུ་ཕི་ཡི་ཉམས་ལེན་དེ་བཞིན་ཁོ་ཚོའི་ཆོས་ལུགས་དང་མི་མཐུན་པའི་སྐོར་བཤད་ཡོད།
ཌ་ཏ་ཌར་བྷར་དེ་བཞིན་ཨེ་ཤི་ཡའི་ནང་ཡོད་པའི་སུ་ཕི་ཡི་མཆོད་ཁང་ཆེ་ཤོས་དེ་ཡིན་པ་དང་མཆོད་ཁང་དེའི་ལོ་མཇུག་དུས་སྟོན་དེ་བཞིན་ལོ་མཇུག་ཏུ་འཁེལ་གྱི་ཡོད་པ་དང་དུས་སྟོན་ཉིན་གསུམ་བར་གནས་ཀྱི་ཡོད། སྐབས་དེར་པ་ཀི་སི་ཏན་ཕྱོགས་ཡོངས་ཀྱི་ཤིའ་དང་སུ་ནི་དད་ལྡན་པ་རྣམས་ཀྱིས་དུས་སྟོན་ལ་ཆ་ཤས་ལེན་ཕྱིར་མཆོད་ཁང་དེར་འཛོམས་ཀྱི་ཡོད་པ་རེད། མཆོད་ཁང་དེའི་མཚོན་དོན་དང་དད་ལྡན་པ་ཁྱབ་ཆེ་ཡོད་པའི་དབང་གིས་ཌ་ཏ་ཌར་བྷར་དུ་པ་ཀི་སི་ཏན་ནང་གི་གྲགས་ཅན་མི་སྣ་རྣམས་མཆོད་ཁང་དེར་ཕེབས་ཀྱི་ཡོད་པ་རེད། ཆབ་སྲིད་མི་སྣ་རྣམས་ཀྱིས་ཀྱང་མི་མདངས་འདུ་འཛོམས་བྱེད་སའི་ས་ཁུལ་དུ་རྩིས་ཀྱི་ཡོད། གཏོར་རྒོལ་དེ་མ་བྱུང་བའི་ཉིན་གཉིས་གོང་ལ་གཟའ་འཁོར་གཅིག་རིང་གློད་གྲོལ་ཐོབ་པའི་ན་ཝཱཛ་ཤ་རིཕ་མཆོད་ཁང་དེར་ཕེབས་ཡོད། པ་ཀི་སི་ཏན་ནང་གི་དཔྱད་ཞིབ་པ་མང་པོ་ཞིག་གིས་ན་ཝཱཛ་ཤ་རིཕ་མཆོད་ཁང་དེར་ཕེབས་པ་དེའི་ཐོག་ནས་པ་ཀི་སི་ཏན་མུ་སི་ལིམ་ལེག་ན་ཝཱཛ་ཕྱིར་ལོག་བྱེད་པའི་མཚོན་དོན་ཞིག་ཡིན་པའི་བསམ་ཚུལ་བཤད་ཀྱི་ཡོད་པ་རེད། མངའ་སྡེར་མཚོན་ན་འཁོར་ཡུག་དེ་ལྟར་ཞིག་གི་ནང་ལ་མཆོད་ཁང་གི་བདེ་འཇགས་དེ་གནད་འགག་ཆེན་པོ་ཆགས་ཡོད། བདེ་སྲུང་མི་སྣ་དང་ཁྲིམས་ཀྱི་དབང་འཛིན་པ་རྣམས་རྒྱལ་ཁབ་ཀྱི་མཚོན་དོན་དུ་རྩིས་ཀྱི་ཡོད་སྟབས་ཁོ་ཚོ་དམིགས་འབེན་ཨང་དང་པོ་ཆགས་ཀྱི་ཡོད།
སྙན་གྲགས་ཆེ་བའི་སུ་ཕི་མཆོད་ཁང་ལ་སྲུང་སྐྱོབ་བྱེད་བཞིན་པའི་བདེ་སྲུང་མི་སྣར་དམིགས་འབེན་བཟུང་བ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། སྲོག་དོར་འབར་གས་དྲག་རྒོལ་དེ་དག་གི་ཐོག་ནས་པ་ཀི་སི་ཏན་རྒྱལ་ཁབ་ལ་འཇིགས་སྐུལ་བ་རྣམས་ད་དུང་གསོན་པར་གནས་ཡོད་པ་དང་མུ་མཐུད་སུ་ཕི་མཆོད་ཁང་ལ་དམིེགས་འབེན་བཟུང་རྒྱུ་ཡིན་པའི་བརྡ་ལན་ཞིག་སྤྲད་ཡོད། དེའི་ཁར། ཌ་ཏ་ཌར་བྷར་མཆོད་ཁང་དེས་རོལ་དབྱངས་དང་ཞབས་བྲོའི་དུས་སྟོན་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པས་གྲགས་ཆེན་པོ་ཡོད་པ་དང་། དུས་སྟོན་དེ་དག་ལ་དད་ལྡན་པ་རྣམས་རོལ་དབྱངས་ཀྱི་འགྱུར་ཁུག་ལ་སིམ་པར་གྱུར་བ་དེ་བཞིན་འཇིགས་སྐུལ་ཚོགས་པ་ཕལ་ཆེ་བ་ཞིག་གིས་ཨི་སི་ལམ་ཆོས་ལུགས་དང་རྒྱབ་འགལ་ཡིན་པར་འདོད་ཀྱི་ཡོད། མ་ཟད། ཌ་ཏ་ཌར་བྷར་ལ་དམིགས་འབེན་བཟུང་བ་ད་རེས་ཐོག་མ་མ་རེད། སྤྱི་ལོ་ ༢༠༡༠ ལོར་མཆོད་ཁང་དེར་སྲོག་དེར་གཏོར་རྒོལ་ཚབས་ཆེན་ཞིག་བྱུང་ཏེ་དད་ལྡན་པ་ ༥༠ ལྷག་བསད་པ་དང་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
པ་ཀི་སི་ཏན་ལ་སེམས་འཚབ་ཆེན་པོ་ཆགས་དགོས་པ་དེ་བཞིན་འཇིགས་སྐུལ་ཚོགས་པ་རྣམས་ཀྱིས་མཆོད་ཁང་ལ་གཏོར་རྒོལ་བྱ་ཕྱིར་ན་གཞོན་རྣམས་སྲོག་དོར་གཏོར་རྒོལ་བྱེད་མཁན་དུ་བེད་སྤྱོད་བྱེད་བཞིན་པ་དེ་ཆགས་ཡོད། ས་གནས་གཞུང་འབྲེལ་མི་སྣ་རྣམས་ཀྱིས་བཤད་པར་གཞིགས་ན་ད་རེས་མཆོད་ཁང་ལ་གཏོར་རྒོལ་བྱས་མཁན་དེ་ལོ་ན་ ༡༥ ཅན་གྱི་བུ་ཞིག་ཡིན་པ་རེད། འདིའི་ཐོག་ནས་དྲག་སྤྱོད་ཚོགས་པ་རྣམས་ནས་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་ཧཛ་བྷུལ་ཨཧ་རར་འཇིགས་སྐུལ་ཚོགས་ལ་ཕལ་ཆེར་རྩ་མེད་གཏང་ཚར་ལུགས་བཤད་མཁན་གྱི་པ་ཀི་སི་ཏན་སྲིད་གཞུང་གི་འཇིགས་སྐུལ་ཁ་གཏད་ཐབས་བྱུས་ལ་དྲ་བ་ཞིག་འདོན་གྱི་ཡོད་པ་རེད།
འདས་པའི་ལོ་གཉིས་རིང་ལ་པ་ཀི་སི་ཏན་གྱི་པན་ཇབ་ས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་ཆེ་གྲས་གང་ཡང་བྱུང་མེད། ཌ་ཏ་ཌར་བྷར་མཆོད་ཁང་ལ་གཏོར་རྒོལ་བྱས་པ་དེའི་ཐོག་ནས་ཨིམ་རན་ཁན་སྲིད་གཞུང་ལ་འཇིགས་སྐུལ་ཚོགས་པ་རྣམས་བསྐྱར་ལོག་བྱེད་པའི་ཐབས་ལམ་ཡོད་པ་དང་ཁོ་ཚོ་ད་དུང་ཚར་མེད་པའི་བརྡ་ལན་སྤྲད་ཆེད་ཞིག་ཆགས་ཡོད། མ་སུད་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་བར་ངོས་འཛིན་བྱས་པར་རྟེན་པ་ཀི་སི་ཏན་སྲིད་གཞུང་གིས་དཔལ་འབྱོར་ལག་བསྟར་ལས་དོན་ཚོགས་པའི་ཐོ་གཞུང་ནག་པོའི་ནང་མ་འཁོད་པའི་ཆེད་དུ་འཇིགས་སྐུལ་དང་འབྲེལ་བའི་ཚོགས་པ་རྣམས་སྒོ་རྒྱག་བཞིན་ཡོད་པའི་སྐབས་འདིར་ཌ་ཏ་ཌར་བར་མཆོད་ཁང་ལ་གཏོར་རྒོལ་བྱས་པ་དེའི་ཐོག་ནས་པ་ཀི་སི་ཏན་སྲིད་གཞུང་གིས་ཕྱི་མ་དྲག་པའི་གོང་ལ་རྫ་དྲག་ཐོག་རང་ཉིད་ཀྱི་རྒྱལ་ཁབ་གོ་རིམ་ཡོད་པ་ཞིག་བཟོ་དགོས་པའི་དྲན་གསོ་ཞིག་ཆགས་ཡོད།
མ་ཟིན། ཌར་ཌར་ཛེ་ནབ་ཨག་ཏར། པ་ཀི་སི་ཏན་ཐོག་ཐབས་བྱུས་དཔྱད་ཞིབ་པ།