ལྷོ་ཨེ་ཤི་ཡའི་ནང་གི་ཐོག་མར་གྱུར་བའི་རྒྱ་གར་དང་བལ་ཡུལ་གྱི་རྡོ་སྣུམ་སྦུག་ལམ་དབུ་འབྱེད་བྱས།

རྒྱ་གར་དང་བལ་ཡུལ་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གྲུབ་འབྲས་གསར་པ་ཞིག་ཐོན་པ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་མཉམ་འདུས་ཐོག་བརྙན་ལམ་ཚོགས་འདུ་རྒྱུད་ནས་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་མོ་ཏི་ཧ་རི་ནས་བལ་ཡུལ་གྱི་ཨམ་ལེག་གྷུན་ཇ་བར་རྡོ་སྣུམ་གྱི་སྦུག་ལམ་དབུ་འབྱེད་བྱས་ཡོད། ཀི་ལོ་མི་ཊར་ ༦༩ ཡོད་པའི་སྦུག་ལམ་དེ་ནས་ཀི་ལོ་མི་ཊར་ ༣༢.༧ རྒྱ་གར་ནང་འཁེལ་གྱི་ཡོད་པ་དང་ཀི་ལོ་མི་ཊར་ ༣༧.༢་བལ་ཡུལ་ནང་འཁེལ་གྱི་ཡོད་པ་རེད། སྦུག་ལམ་དེ་རྒྱུད་ནས་བལ་ཡུལ་མི་དམངས་ལ་ལོ་རྒྱུད་ཆད་རྡོ་སྣུམ་ཊོན་ས་ཡ་ ༢ རེ་ཆད་མེད་མཁོ་གཏོང་བྱ་རྒྱུ་ཡིན་པ་རེད།

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་སྦུག་ལམ་འདི་བཞིན་རྒྱ་གར་དང་བལ་ཡུལ་དབར་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་པའི་མཚོན་དོན་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་བ་དང་སྦྲགས་མོ་ཏི་ཧ་རི་ནས་ཨམ་ལེག་གྷུན་ཇ་བར་གྱི་སྦུག་ལམ་འདིས་མངའ་ཁུལ་གྱི་ནུས་ཤུགས་བདེ་འཇགས་ཤུགས་ཆེ་རུ་གཏོང་རྒྱུ་དང་སྐྱེལ་འདྲེན་གྱི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཚུལ་གསུངས་ཡོད། ཆེས་མཐོའི་ཆབ་སྲིད་དཔོན་རིགས་དབར་རྒྱུན་གཏན་དུ་སྤེལ་རེས་བྱས་པའི་རྨང་གཞིའི་ཐོག་ནས་རྒྱ་གར་དང་བལ་ཡུལ་གྱི་ཟླ་གྲོགས་རྒྱ་བསྐྱེད་བྱ་རྒྱུའི་ཆེད་ཀྱི་ཕྱི་ཐག་རིང་བའི་ལས་འཆར་ཞིག་བྱུང་ཡོད་ཅེས་གསུངས་ཡོད། སྐུ་ཞབས་མོ་དྷིས་དྷི་ལི་གསར་པ་ནས་ལས་འཆར་དབུ་འབྱེད་གནང་བ་དང་སྦྲགས་ཁྱབ་ཁོངས་སྣ་ཚོགས་ནང་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཀྱི་འབེལ་ལམ་རྣམས་མུ་མཏུད་གཏིང་ཇི་ཟབ་དང་རྒྱ་ཇི་ཆེར་གཏོང་བའི་གདེང་ཚོད་ཡོད་པ་དང་རྒྱ་གར་ངོས་ནས་ཧི་མ་ལ་ཡའི་རྒྱལ་ཁབ་དེའི་འཕེལ་རྒྱས་འབད་བརྩོན་ལ་རྒྱབ་སྐྱོང་བྱ་རྒྱུའི་ཆོད་སེམས་བསྐྱར་ཟློས་གནང་ཡོད། 

ནལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་ཡིས་ཀ་ཐ་མན་ཌུ་རུ་སྦུག་ལམ་དབུ་འབྱེད་ཐོག་གཏམ་བཤད་གནང་བའི་ནང་སྦུག་ལམ་ལས་འཆར་དེ་བཞིན་ཚོང་ལས་དང་། སྐྱེལ་འདྲེན། རྨང་གཞི་བཅས་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་ཡིན་ཚུལ་འགྲེལ་བརྗོད་གནང་ཡོད། ཁོང་གིས། ཆབ་སྲིད་ཆོད་སེམས་བརྟན་པོ་ཡོད་པའི་རྒྱབ་རྟེན་འོག་རྒྱ་གར་དང་བལ་ཡུལ་གཉིས་ལ་རང་གི་མི་དམངས་ཆེད་འཕེལ་རྒྱས་དང་། གྲུབ་འབྲས། བདེ་སྐྱིད་བཅས་བསྐྲུན་རྒྱུའི་འཆར་སྣང་ཡོད་སྐོར་བཤད་ཡོད། སྐུ་ཞབས་ཨོ་ལི་ཡིས་བལ་ཡུལ་ནང་པེ་ཊྲོལ་དང་ཌི་ཛལ་སོ་སོར་ལི་ཊར་རེ་ནས་བལ་སྒོར་ ༢ རེ་གཅོག་ཆ་བྱ་རྒྱུ་གསལ་བསྒྲགས་བྱས་པ་དེས་བལ་ཡུལ་མི་དམངས་ཀྱི་དཀའ་ངལ་ཆེན་པོ་ཞིག་སེལ་ཡོད། ཁོང་གིས། རྒྱ་གར་ནས་བལ་ཡུལ་ལ་སྦུག་ལམ་རྒྱུད་ནས་སྣུམ་མཁོ་གཏོང་བྱེད་པ་དེས་འགྲོ་གྲོན་སྲི་ཚགས་ཐུབ་པ་དང་།་དུས་ཚོད་མི་འགོར་བ། གཞུང་ལམ་ཐོག་འཚང་ག་ཉུང་དུ་འགྲོ་རྒྱུ། རྡོ་སྣུམ་ཐོན་རྫས་སྐྱེལ་འདྲེན་བྱེད་མཁན་རླང་འཁོར་གྱིས་བཟོས་པའི་རླུང་ཁམས་སྦག་བཙོག་ཉུང་འཕྲི་ཡོང་རྒྱུ་བཅས་ཡིན་སྐོར་གསུངས་ཡོད།་

སྤྱི་ལོ་ ༡༩༧༣ ལོ་ནས་བཟུང་བལ་ཡུལ་གྱིས་སྣུམ་གྱི་དགོས་མཁོ་ཡོངས་རྫོགས་རྒྱ་གར་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་ད་བར་གྱི་ལམ་སྲོལ་ནང་སྣུམ་གྱི་ཐོབ་རྫས་སྐྱེལ་འདྲེན་ཆེད་རླང་འཁོར་ཁོ་ན་བེད་སྤྱོད་བྱས་ཡོད། རྒྱ་གར་གྱི་སྣུམ་མཉམ་ལས་ཚོགས་པས་བལ་ཡུལ་གྱི་སྣུམ་མཉམ་ལས་ཚོགས་པ་དང་ལྷན་དུ་སྤྱི་ལོ་ ༢༠༡༧ ལོར་སྤྱི་ལོ་ ༢༠༢༢ བར་ལོ་ལྔ་མུ་མཐུད་སྣུམ་མཁོ་གཏོང་བྱ་རྒྱུའི་གྲོས་མཐུན་བསྐྱར་གསོ་བྱས་ཡོད།

སྤྱི་ལོ་ ༡༩༩༦ ལོར་ཆེས་ཐོག་མ་དགོས་འདུན་བཏོན་པ་ནས་བཟུང་མོ་ཏི་ཧ་རི་ནས་ཨམ་ལེག་གྷུན་ཇ་དབར་གྱི་སྦུག་ལམ་ལས་འཆར་དེ་ལོ་མང་རིང་རྒྱ་ཡན་དུ་བཏང་ནས་ལྷག་ཡོད། སྤྱི་ལོ་ ༢༠༡༤ ལོར་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་བལ་ཡུལ་དུ་ཕྱོགས་ཕེབས་གནང་བའི་རྗེས་ནས་ལས་འཆར་དེ་མངོན་འགྱུར་ཆགས་པ་རེད། ལས་འཆར་ལག་བསྟར་བྱ་ཆེད་རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་ཀམ་པ་ནིའི་དབར་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ནང་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་རེད། ལས་འཆར་དེའི་རྨང་རྡོ་ཡང་ན་ནིང་ལོར་སྐུ་ཞབས་ཨོ་ལི་དྷི་ལི་གསར་པར་ཕེབས་སྐབས་དྷི་ལི་གསར་པའི་ཧའི་དྲ་བྷད་ཁང་ཆེན་ནང་སྐུ་ཞབས་མོ་དྷི་དང་སྐུ་ཞབས་ཨོ་་ལི་རྣམ་གཉིས་ནས་རྒྱང་ཆོད་ཚོད་འཛིན་རྒྱུད་ནས་བཏིང་གནང་ཡོད་པ་རེད། 

ལས་འཆར་དེ་བཞིན་ཟླ་བ་ ༣༠ ནང་ལེགས་གྲུབ་བྱ་རྒྱུའི་འཆར་གཞི་བྱས་ཡོད་ཀྱང་ཕྱོགས་གཉིས་ཀྱི་ལས་བྱེད་པའི་ལྷོད་མེད་འབད་བརྩོན་ལ་རྟེན་ནས་སྔོན་དཔག་བྱས་པའི་དུས་ཚོད་ལས་ཟླ་བ་ ༡༥ ཙམ་གྱིས་སྔོན་ལ་ཚར་བ་དེ་རྒྱ་གར་གྱིས་བལ་ཡུལ་ནང་སྤེལ་བའི་ལས་འཆར་ཁྲོད་དུ་ཟིན་ཐོ་གསར་པ་ཞིག་ཆགས་ཡོད། འདིའི་ཐོག་ནས་བལ་ཡུལ་ནང་རྒྱ་གར་གྱིས་རོགས་སྐྱོར་བྱས་པའི་ལས་འཆར་རྣམས་ལག་ལེན་ནར་འགྱངས་བྱས་ནས་འགྲོ་གྲོན་སོགས་འཕར་མ་བཟོ་བ་སོགས་ཀྱི་ལབ་གླེང་བྱུང་བཞིན་པ་དེ་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་ནས་ད་ཡོད་ཀྱི་ལས་འཆར་རྣམས་ལ་བསྐྱར་ཞིབ་ཆེད་རྒྱུན་དུ་ཆེས་མཐོ་རིམ་གྱི་ཚོགས་འདུ་བསྐོང་ཚོགས་གནང་བཞིན་ཡོད། ཟླ་སྔོན་མ་ཁོ་ནར་རྒྱ་གར་དང་བལ་ཡུལ་གྱི་མཉམ་འདུས་ཚོགས་འདུ་ཀ་ཐ་མན་ཌུ་རུ་འཚོགས་ཡོད་པ་དང་ཚོགས་འདུ་དེ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ནས་གཙོ་སྐྱོང་གནང་ཡོད། ཚོགས་འདུ་དེའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྱོན་ཡོངས་ལ་བསྐྱར་ཞིབ་གནང་བ་དང་། མཉམ་ལས་ཁྱབ་ཁོངས་གསར་པ་ངོས་འཛིན་པ། ད་ལྟ་འགྲོ་བཞིན་པའི་ལས་འཆར་རྣམས་ཀྱི་འཕེལ་རྒྱས་ལ་བསྐྱར་ཞིབ་གནང་བ་བཅས་བྱས་ཡོད། སྲིད་བློན་རྣམ་པ་གཉིས་ཀས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ནང་འཕེལ་རྒྱས་བྱུང་བར་བློ་ཡིད་འཚིམ་པོ་བྱུང་ཚུལ་གསུངས་ཡོད། སྐུ་ཞབས་ཨི་ལི་ཡིས་རྒྱ་གར་ལ་བལ་ཡུལ་ནང་སྤྱི་ལོ་ ༢༠༡༥ ལོའི་ས་ཡོམས་གོད་ཆག་འོག་གནོད་འཚེ་ཕོག་མཁན་མི་དམངས་རྣམས་ལ་སྡོད་ཁང་ ༥༠,༠༠༠ གསར་རྒྱག་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། 

མ་ཟིན། ར་ཏན་སད་ལི། ཆབ་སྲིད་འགྲེལ་བརྗོད་པ།