རྒྱ་གར་དང་བྷང་ལ་དེ་ཤིའི་དབར་རླང་སྣུམ་ནང་འདྲེན་གྱི་གྲོས་མཐུན།

ཉེ་ཆར་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་དང་བྷང་ལ་དེ་ཤིའི་སྲིད་བློན་ཤེག་ཧ་སི་ནའི་དབར་ལ་བྷང་ལ་དེ་ཤི་ནས་རླང་སྣུམ་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་བཞག་པ་དེ་རྒྱལ་ཁབ་གཉིས་དབར་ལ་ཐུན་མོང་གི་འབྲེལ་ལམ་སྲ་བརྟན་དུ་གཏོང་བའི་མཚོན་ཆེད་གལ་ཆེན་ཞིག་ཆགས་ཡོད།

རྒྱ་གར་གཞུང་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཏྲི་པུ་རར་རླང་སྣུམ་མཁོ་གཏོང་གི་དམིགས་བསལ་དཀའ་ངལ་སེལ་ཕྱིར་བྷང་ལ་དེ་ཤི་དང་ལྷན་དུ་གྲོས་མཐུན་བཞག་པ་དེའི་ཐོག་ནས་རྒྱལ་ཁབ་གཉིས་ཕན་ཚུན་གྱི་དཀའ་ངལ་ལ་བསམ་ཤེས་ཆེ་རུ་ཕྱིན་པ་དང་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་གནད་སྨིན་འཚོལ་བ་མཚོན་གྱི་ཡོད། 

གནས་ཚུལ་འདིའི་ཐད། བྷང་ལ་དེ་ཤི་ནས་རྒྱ་གར་གྱི་མཐའ་མཚམས་མངའ་སྡེར་རླང་སྣུམ་ནང་འདྲེན་བྱེད་པ་དེས་ལོ་འཁོར་མར་རླང་སྣུམ་མཁོ་གཏོང་ཐུབ་རྒྱུ་ཙམ་མ་ཟད་སྐྱེལ་འདྲེན་གྱི་འགྲོ་གྲོན་དང་དུས་ཚོད་ཀྱང་ཧ་ཅང་ཉུང་འཕྲི་ཐུབ་ཀྱི་ཡོད་པ་རེད། 

ད་ལྟའི་ཆར། མེ་ག་ལ་ཡ་མངའ་སྡེ་འམ་སིལ་ཆར་བརྒྱུད་ནས་གྷུ་ཝ་ཧ་ཊི་ནས་ཏྲི་པུ་པརར་རླང་སྣུམ་མཁོ་གཏོང་བྱེད་ཀྱ་ཡོད་པ་རེད། (ཀི་ལོ་མི་ཊར་ ༨༧) རླང་སྣུམ་འཁྱེར་མཁན་རླང་འཁོར་གྱིས་གྷུ་ཝ་ཧ་ཊི་བརྒྱུད་ཀི་ལོ་མི་ཊར་ ༦༠༠ ཡི་ལམ་ཐག་གཅད་དགོས་ཀྱི་ཡོད་པ་དེ་འགྲུལ་བཞུད་རིང་པོ་ཞིག་དང་། ས་ཁུལ་དེར་ཆར་དུས་སྐབས་ས་ཉིལ་བ་དང་ས་བབ་མཐོ་བ་བཅས་ལ་རྟེན་ནས་ཉིན་གྲངས་མང་པོར་རླང་སྣུམ་ཤར་གཏོང་མ་ཐུབ་པར་ལྷག་ག་ཡོད་པ་རེད། 

བྷང་ལ་དེ་ཤི་ནས་ཆེད་བསྐོས་བྱས་པའི་སྒེར་གྱི་རླང་སྣུམ་མཁོ་གཏོང་བ་གཉིས་ནས་རྒྱ་གར་གྱིས་རླང་སྣུམ་ནང་འདྲེན་བྱེད་འགོ་ཚུགས་རྩ་ན་བྷང་ལ་དེ་ཤིའི་མོང་ལ་གྲུ་ཚིགས་ནས་ཏྲི་པ་རའི་ནུབ་ཁུལ་དུ་སྐྱེལ་འདྲེན་འགྲུལ་བཞུད་བྱེད་ཚད་ཀི་ལོ་མི་ཊར་ ༡༢༠ བར་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་རེད། 

སྲིད་བློན་ན་རེནྡྲ་མོ་དྷི་དང་ལྕམ་ཤེག་ཧ་སི་ན་གཉིས་ཐད་ནས་སྐབས་འཕྲལ་གྱི་དཀའ་ངལ་ལ་འཁེན་ནས་མ་བསྡད་པར་ཐུན་མོང་ལ་ཕན་པའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཞིག་བཟུང་རྒྱུ་གལ་ཆེ་བར་ངོས་འཛིན་གནང་ཡོད།

རླང་སྣུམ་མཁོ་གཏོང་བྱ་རྒྱུ་དེ་བཞིན་བྷང་ལ་དེ་ཤིའི་རླང་སྣུམ་ལས་གཉེར་བ་གཉིས་ཀྱིས་ཕྱིར་ཚོང་བྱ་རྒྱུ་དང་རྒྱ་གར་གྱི་མངའ་སྡེས་གཉེར་བའི་རྒྱ་གར་གྱི་སྣུམ་མཉམ་ལས་ཀྱིས་བླང་ནས་བཙོང་རྒྱུ་ཡིན་པ་རེད། བྷང་ལ་དེ་ཤི་ནས་རླང་སྣུམ་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་དེས་རྒྱ་གར་གྱིས་ཡུན་རིང་ནས་ཤར་ཕྱོགས་ཁུལ་དུ་ནུས་ཤུགས་མཁོ་གཏོང་འཆར་གཞི་ཡོད་པ་དེར་ཕན་ཐོགས་ཆེན་པོ་བྱུང་ཡོད། ད་ལྟའི་ཆར། རྒྱ་གར་གྱི་ནུབ་ཕྱོགས་ཁུལ་ནས་སྣུམ་དང་རླང་སྣུམ་ནང་འདྲེན་བྱེད་པའི་རྨང་གཞི་སྤུས་དག་ཡོད་པ་རེད། 

རྒྱ་གར་དང་བྷང་ལ་དེ་ཤིའི་གྲོས་མཐུན་དེའི་ཐོག་ནས་མངའ་ཁུལ་ནང་སྣུམ་གྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་མཁན་གཞན་རྣམས་ལའང་སྣུམ་མཁོ་གཏོང་གི་ཕན་པ་ཐོབ་རྒྱུ་ཡིན་པ་རེད།

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་ལྕམ་ཤེག་ས་ཧི་ན་ལྷན་བཞུགས་སར་ནན་བཤད་བྱས་པའི་ནང་སྣུམ་ཕྱིར་ཚོང་བྱེད་པ་དེའི་ཐོག་ནས་བྷང་ལ་དེ་ཤིར་ལས་བཞུགས་གསར་གཏོད་ཐུབ་རྒྱུ་ཡིན་པ་མ་ཟད་ཡོང་བབ་ཆེར་བསྐྱེད་ཐུབ་རྒྱུ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་མང་གི་འཚོ་བར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཚུལ་གསུངས་ཡོད། 

བྷང་ལ་དེ་ཤིས་རྒྱ་གར་བྱང་ཤར་མངའ་སྡེ་ཁག་ཏུ་རླང་སྣུམ་ཕྱིར་ཚོང་བྱ་རྒྱུ་དང་དུ་བླངས་ཡོད། བྷང་ལ་དེ་ཤིས་རྒྱ་གར་གྱི་མ་འཇོག་བྱེད་མཁན་རྣམས་ལ་ཅི་ཏ་གྷོང་གྲུ་ཚིགས་ཀྱི་ཉེ་སར་ཡོད་པའི་མིར་ཤ་རེ་དཔལ་འབྱོར་ས་ཁུལ་གྱི་ས་ཁྱོན་ཨེ་ཀར་ ༡༠༠༠ ཡི་མཐུན་འགྱུར་སྦྱར་ཡོད། མ་ཟད་བྷང་ལ་དེ་ཤིས་རྒྱ་གར་དང་ལྷག་པར་དུ་རྒྱ་གར་བྱང་ཤར་མངའ་སྡེ་ཁག་དང་ལྷན་དུ་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་ཆེད་ཕུག་རྒྱང་རིང་པོར་དམིགས་པའི་ཐོག་ནས་ཨ་ཤུང་གྷན་ཇ་དང་མོང་ལ་བཅས་གྲུ་ཚིགས་གཉིས་རྒྱ་གར་གྱིས་བེད་སྤྱོད་བྱེད་དུ་ཆུག་ཡོད། 

ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཆོད་སེམས་རྒྱུན་མཐུད་པའི་ཐོག་ཨ་ཀོ་ར་བརྒྱུད་ནས་རྒྱ་གར་བྱང་ཤར་ཁུལ་དང་བྷང་ལ་དེ་ཤིའི་དབར་གྱི་མེ་འཁོར་ལྕགས་ལམ་འབྲེལ་མཐུད་བསྐྱར་བསྐྲུན་བྱ་རྒྱུ་ཡིན་པ་རེད། ཕེ་ནི་གཟང་པོའི་ཟམ་ཆེན་འཛུགས་བསྐྲུན་ལེགས་གྲུབ་ཟིན་མཚམས་སུ་གཞུང་ལམ་སྒོ་ཕྱེ་རྒྱུ་ཡིན་པ་དང་དེའི་ཐོག་ནས་ཐུན་མོང་གི་འཕེལ་རྒྱས་དང་གྲུབ་འབྲས་ལ་ཕན་ཐོགས་ཐུབ་རྒྱུ་ཡིན་པ་རེད། 

བྷང་ལ་དེ་ཤིའི་སྲིད་བློན་ཤེག་ཧ་སི་ནས་རླང་སྣུམ་ནང་འདྲེན་གྱི་མཉམ་ལས་དེ་བཞིན་ཁྱིམ་མཚེས་འཆམ་མཐུན་གྱི་དཔེ་མཚོན་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་ཡོད། རྒྱ་གར་གྱི་ངོས་ནས་རྒྱ་གར་རླང་སྣུམ་མཉམ་ལས་བརྒྱུད་ནས་བྷང་ལ་དེ་ཤིའི་ནང་སྣུམ་གྱི་རྨང་གཞི་འཛུགས་བསྐྲུན་བྱ་རྒྱུའི་ཁས་ལེན་བྱས་ཡོད།

ས་བབ་རིག་པ་བས་བཤད་པ་ལྟར་ན་བྷང་ལ་དེ་ཤིའི་རྒྱ་མཚོའི་འདབས་འབྲེལ་གྱི་དཔལ་འབྱོར་ས་ཁུལ་དེ་བཞིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་སྣུམ་དང་རླང་སྣུམ་གྱི་གསོག་མཛོད་ཆེ་ཤོས་གཅིག་ཆགས་ཀྱི་ཡོད་པ་རེད། བྷང་ལ་དེ་ཤི་དེ་ཉིད་རྒྱལ་སྤྱིའི་ཁྲོད་་རླང་སྣུམ་ཐོན་སྐྱེད་བྱེད་མཁན་ཆེ་གྲས་ཤིག་ཆགས་རྒྱུར་རྒྱ་གར་གྱིས་ཚན་རྩལ་གྱི་ལག་རྩལ་མཐུན་འགྱུར་སྦྱར་མཁན་གྱི་ཟླ་གྲོགས་ཆེ་གྲས་ཤིག་བྱེད་ཐུབ་རྒྱུ་ཡོད་པ་རེད།

ད་ལྟ། རྒྱ་གར་དང་བྷང་ལ་དེ་ཤིའི་འབྲེལ་ལམ་དེ་འགྲོ་བ་མིའི་བཟང་སྤྱོད་དང་། ཕ་གཞིས། སྣ་ཚོགས་ཟླ་གྲོགས། ཆེས་མཐོ་རིམ་གྱི་སྤེལ་རེས་བཅས་ཀྱིས་མཚོན་པར་བྱས་ཡོད། རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཀྱི་ཚོང་ལས་དེ་སྤྱི་ལོ་ ༢༠༡༨-༡༩ ལོའི་བར་ཨ་སྒོར་ཐེར་འབུམ་ ༩ ནས་ ཨ་སྒོར་ཐེར་འབུམ་ ༡༠.༤༦ བར་འཕར་ཡོད། དམིགས་ཡུལ་ནི་བྷང་ལ་དེ་ཤི་ནས་རྒྱ་གར་བྱང་ཤར་ཁུལ་ལ་སྦུག་ལམ་བརྒྱུད་ནས་ཨེལ་ཨེན་ཇི་ནང་འདྲེན་བྱ་རྒྱུ་དེ་ཡིན་པ་རེད། ཉེ་ཆར་རྒྱ་གར་ནང་ནུས་ཤུགས་བེད་སྤྱོད་བྱེད་ཚད་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། སྤྱི་ལོ་ ༢༠༤༠ ཚུན་དུ་འདི་ལས་ལྡབ་གཅིག་གིས་མཐོ་བ་ཆགས་རྒྱུ་ཡིན་པ་རེད། འགྱུར་འགྲོས་འདི་དག་རྒྱལ་ཁན་གཉིས་ཀར་ཕན་ཐོགས་ཡོད་པ་དང་ཐུན་མོང་གི་རེ་བ་དང་མངོན་འདོད་ཀྱི་ཐོག་ནས་གྲུབ་འབྲས་ཇི་ཡོང་གཏོད་འདོད་ཡོད་པ་རེད། 

མ་ཟིན། དི་པན་ཀར་ཅ་ཀར་བོར་ཏི།