རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་འབྲེལ་ལམ་ཤུགས་ཆེ་རུ་གཏོང་སླད་སིངྒ་ལར་ཕེབས་པ།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཌག་ཌར་ཨེ་སི་ཇེ་ཤན་ཀར་མཆོག་ནས་གསར་དུ་འོས་འདེམས་བྱུང་བའི་སིངྒ་ལའི་སྲིད་འཛིན་བདུན་པ་གྷོ་ཏ་བྷ་ཡ་ར་ཇ་པག་ས་དང་མཇལ་འཕྲད་ཆེད་དུ་ཀོ་ལོམ་པོ་རུ་ཕེབས་ཡོད། ཁོང་གིས་རྒྱ་གར་སྲིད་བློན་ནས་རྒྱ་གར་དུ་གདན་ཞུ་གནང་བའི་མགྲོན་འབོད་སྙན་གསན་ཞུས་ཡོད། གསར་དུ་འོས་འདེམས་བྱུང་བའི་སྲིད་འཛིན་མཆོག་ནས་མགྲོན་འབོད་དང་ལེན་གནང་སྟེ་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གར་དུ་ཕེབས་གཏན་འཁེལ་ཡོད། དེ་ནི་ཁོང་ཉིད་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། རྒྱ་གར་གྱིས་སྐུ་ཞབས་ར་ཇ་པག་ས་དང་མཇལ་འཕྲད་ཆེད་དུ་ཕྱི་སྲིད་བློན་ཆེན་ཆེད་གཏོང་གནང་བ་དེའི་ཐོག་ནས་དྷི་ལི་གསར་པས་སིངྒ་ལའི་སྲིད་གཞུང་གསར་པ་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དང་ཐུན་མོང་གི་ཁེ་ཕན་ཆེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྣམས་ཤུགས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ཡོད་པ་བཅས་མཚོན་གྱི་ཡོད། རྒྱ་གར་ཕུད། ཨ་རི་དང་། པ་ཀི་སི་ཏན། ཨི་རན། རྒྱ་ནག་བཅས་ཀྱིས་ཀྱང་སྐུ་ཞབས་ར་ཇ་པག་སར་འཚམས་འདྲི་ཞུས་ཡོད། ཡོ་རོབ་སྤྱི་མཐུན་དེ་ཉིད་དཔྱད་ཁྲའི་ཐད་ལ་བློ་དྭོོགས་ཡོད་སྟབས་སྐུ་ཞབས་ར་ཇ་པག་སར་སིངྒ་ལའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད། 

ར་ཇ་པག་སར་བློ་ཐག་ཆོད་པོའི་རྒྱལ་ཁ་ཐོབ་པ་དེས་ཐ་ན་འབྱུང་འགྱུར་དུས་ཚོད་དུའང་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་སིངྒ་ལ་པོ་ཏུ་ཇ་ན་པེ་རུ་མུ་ནའི་དབང་ཤུགས་ཆིག་སྒྲིལ་བྱ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པར་རེད། སིངྒ་ལའི་སྲིད་འཛིན་ཟུར་པ་དང་གྷ་ཏོ་བྷ་ཡའི་སྤུན་མཆེད་མ་ཧིན་དྷ་ར་ཇ་པག་ས་རྒྱལ་ཁབ་ཀྱི་སྲིད་བློན་དུ་འཁོད་རྒྱུའི་རེ་བ་ཡོད་པ་རེད། ཇི་ལྟར་ཀྱང་། འདས་པའི་དུས་ཚོད་ནང་གི་ཨི་ལིམ་དམག་འཁྲུངས་བཞི་པའི་སྐབས་གྷ་ཏོ་བྷ་ཡ་རྒྱལ་སྲུང་དྲུང་ཆེ་ཡིན་པ་དང་རྒྱ་གར་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཉམ་ལས་བྱས་མྱོང་ཡོད། ཐབས་ལམ་དེ་བརྒྱུད་ནས་སིངྒ་ལས་ཨེལ་ཊི་ཊི་ཨི་ཕམ་ཉེས་བཏང་ཐུབ་ཡོད། སིངྒ་ལས་ཐབས་ལམ་དེ་ཉིད་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཀོ་ལོམ་པོ་ཡི་རྒྱལ་ཡོངས་བདེ་འཇགས་ཤུགས་ཆེ་རུ་གཏོང་ཆེད་དང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་ནང་སྔར་མེད་ཀྱི་ཉེན་ཁ་བྱུང་བཞིན་པར་ཁ་གཏད་ཆེད་མུ་མཐུད་རྒྱ་གར་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

ཨེ་སི་ཨེལ་པི་པི་ཚོགས་པའི་བསྒྲགས་གཏམ་ནང་འདི་ཉིད་འཁོད་ཡོད་པ་དང་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་དེ་བཞིན་ (SAARC) དང་ BIMSTEC རྒྱལ་ཁབ་རྣམས་དང་འབྲེལ་བ་བྱ་སླད་རྒྱ་གར་དང་ལྷན་དུ་མཉམ་ལས་བྱ་རྒྱུ་ཡིན་ཚུལ་འཁོད་ཡོད། ཨེ་སི་ཨེལ་པི་པི་ཚོགས་པས་འོས་བསྡུའི་སྔ་རོལ་དུ་སིངྒ་ལའི་ངོས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཟླ་སྒྲིལ་དང་འགན་བབ་ཀྱི་གྲོས་ཆོད་གནད་དོན་ལ་གུས་བརྩི་ཞུ་རྒྱུ་མིན་སྐོར་གསལ་པོ་བཤད་ཡོད། འདས་པའི་ལོ་ལྔའི་ནང་རྒྱ་གར་གྱིས་མཉམ་སྦྲེལ་རྒྱལ་ཚོགས་སུ་སིངྒ་ལའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཡོད། འདིའི་ཆ་ནས་རྒྱལ་ཁབ་གཉིས་ཀས་རྙིག་འཛིང་ཆེ་བའི་གནད་དོན་འདིའི་ཐོག་ལ་ཐབས་ལམ་ཤིག་བཙལ་དགོས་པ་ཆགས་ཡོད།

རྒྱ་གར་ངོས་ནས་སིངྒ་ལའི་སྲིད་གཞུང་གིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དང་འཛུགས་བསྐྲུན་བྱེད་བཞིན་པའི་གྲུ་ཚིགས་ཀྱི་རྨང་གཞི་བཅས་ལ་དྷི་ལི་གསར་པས་སེམས་འཚབ་བྱེད་བཞིན་པར་དོ་སྣང་བྱེད་པའི་རེ་བ་བྱེད་ཀྱིི་ཡོད། སིངྒ་ལ་དེ་བཞིན་རྒྱ་ནག་གི་ལམ་དང་སྐེ་རག་གི་ལས་གཞི་ལག་བསྟར་བྱེད་པའི་ཁྲོད་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཆགས་ཡོད། སི་རི་སེ་ནའི་སྲིད་གཞུང་གིས་སྤྱི་ལོ་ ༢༠༡༧ ལོར་ཧམ་བྷན་ཏོ་ཏ་གྲུ་ཚིགས་རྒྱ་ནག་ལ་ལོ་ ༩༩ རིང་བུན་གཡར་བཏང་བ་དེར་ཨེ་སི་ཨེལ་པི་པི་ཚོགས་པས་དགག་ཆ་བྱས་ཡོད་པ་དང་གལ་ཏེ་ཚོགས་པ་དེ་བསྐྱར་དུ་གཞུང་འཛིན་དུ་འཁོད་ཚེ་ཆིངས་ཡིག་དེར་བསྐྱར་བཅོས་བྱ་རྒྱུའི་ཁས་ལེན་བྱས་ཡོད། 

ཨེ་སི་ཨེལ་པི་པི་ཚོགས་པས་རྒྱལ་ཡོངས་དཔལ་འབྱོར་བསྐྱར་གསོའི་ལས་གཞི་ཞིག་སྒྲིག་འཛུགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་ནང་གྷ་ལེ་དང་། ཀན་ཀེ་སན་ཐུ་རེ། ཏྲི་ཀོ་མ་ལི་བཅས་ཀྱི་གྲུ་ཚིགས་རྣམས་དང་མ་ཏ་ལ་དང་། ཀ་ཏུ་ན་ཡ་ཀེ་གཉིས་ཀྱི་གནམ་ཐང་བཅས་ཡར་རྒྱས་གཏང་རྒྱུ་ཚུད་ཡོད། འཆར་སྣང་འདི་ཉིད་མངོན་འགྱུར་བྱ་ཕྱིར་སིངྒ་ལས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་འབྲེལ་བ་བྱ་རྒྱུ་ཡིན་པ་རེད། འདིའི་ཐོག་ནས་རྒྱ་གར་ལ་སིངྒ་ལའི་སྲིད་གཞུང་གསར་པ་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་རྒྱུ་ཡིན་པ་རེད།

རྒྱ་ནག་གིས་སྲིད་འཛིན་འོས་ཐོན་གྷ་ཏོ་བྷ་ཡར་འཚམས་འདྲི་གནང་བ་དང་སྦྲགས་ལམ་དང་སྐེ་རག་གི་ལས་གཞིའི་འོག་སྤུས་ཚད་ལེགས་པའི་ལས་འཆར་ཁག་དང་ཕྱོགས་གཉིས་ཀྱི་གནད་དོན་ཁག་གི་ཐོག་ལ་སྲིད་འཛིན་གྷ་ཏོ་བྷ་ཡ་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་ཡོད། དེར་རྟེན། སྲིང་གཞུང་གསར་པ་འདིས་རྒྱ་ནག་གིས་སྤེལ་བའི་ལས་འཆར་རྣམས་མུ་མཐུད་རྒྱུན་སྐྱོང་བྱེད་སྲིད་པ་རེད། གང་ལགས་ཤེ་ན་བུ་ལོན་གྱི་འཁུར་པོ་ཆེན་པོ་ཡོད་ཀྱང་སིངྒ་ལ་དེ་ཉིད་རྒྱ་ནག་གི་འཕེལ་རྒྱས་དང་ཐབས་བྱུས་ཟླ་གྲོགས་གལ་ཆེན་ཤིག་ཆགས་ཡོད། རྒྱ་གར་གྱིས་ཁྱིམ་མཚེས་མངའ་ཁུལ་ནང་ལམ་དང་སྐེ་རག་ལ་དང་བ་བྱེད་མེད་པ་དང་དངོས་ཡོད་གནད་ཚུལ་གྱི་ཐད་ནས་ལས་འཆར་དེར་དགག་ཆ་བྱས་ཡོད།

སིངྒ་ལའི་སྲིད་འཛིན་འོས་འདེམས་འདིའི་ཐོག་ནས་སྤྱི་ལོ་ ༢༠༡༥ ལོ་ནས་བཟུང་ཆིག་སྒྲིལ་སྲིད་གཞུང་གི་སྲིད་བྱུས་ཐག་གཅོད་རྣམས་མི་དམངས་ཀྱི་བློ་ལ་བབ་པོ་མ་བྱུང་བ་གསལ་པོ་ཆགས་ཡོད། ད་ཆ་ཆབ་སྲིད་དང་། དཔལ་འབྱོར། བདེ་སྲུང་། ཕྱི་འབྲེལ་སྲིད་བྱུས་བཅས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་རེད། སིངྒ་ལའི་ནང་སྲིད་གཞུང་གསར་པ་ཐོན་པ་ལས་བྱུང་བའི་དཀའ་ངལ་དང་གོ་སྐབས་མང་པོ་ཞིག་ལ་རྒྱ་གར་ངོས་ནས་གདོང་ལེན་བྱེད་དགོས་པ་ཆགས་ཀྱི་རེད། དེ་དག་ནས་མང་དག་ཅིག་ནི་སིངྒ་ལའི་དབུ་ཁྲིད་གསར་པ་རྣམས་ལ་རག་ལས་ཡོད་པ་རེད། གཟའ་འཁོར་རྗེས་མར་སིངྒ་ལའི་སྲིད་འཛིན་རྒྱ་གར་དུ་ཕེབས་སྐབས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་མངའ་ཁུལ་མཉམ་ལས་ཀྱི་ཐོག་ལ་གླེང་མོལ་གནང་སྲིད་པ་རེད།

མ་ཟིན། ཌག་ཌར་ས་མ་ཐ། སིངྒ་ལའི་ཐོག་ཐབས་བྱུས་དཔྱད་ཞིབ་པ།