ཀ་ལ་པ་ནིའི་གནད་དོན།

རྒྱ་གར་གྱི་མངའ་སྡེ་ཇམ་མུ་དང་ཀ་ཤི་མིར་དུམ་བུར་བཏང་སྟེ་དབུས་གཞུང་གི་འཛིན་སྐྱོང་ས་ཁུལ་གཉིས་བཟོས་པའི་རྗེས་སུ་དྷི་ལི་གསར་པས་ས་ཁྲ་བསྐྱར་སྒྲིག་བྱས་པ་ཞིག་འདོན་སྤེལ་བྱས་རྗེས་རྒྱ་གར་དང་། རྒྱ་ནག བལ་ཡུལ་གསུམ་གྱི་ས་མཚམས་སུ་ཁེལ་བའི་རྒྱ་གར་གྱི་མངའ་སྡེ་ཨུ་ཏྲ་ཁན་ཊིའི་པི་ཐོ་ར་གར་ནང་ཡོད་པའི་ཀ་ལ་པ་ནིའི་བདག་དབང་གི་རྩོད་རྙོག་བསྐྱར་དུ་ཐོན་ཡོད། བལ་ཡུལ་གྱིས་རྒྱ་གར་གྱི་ས་ཁྲའི་ནང་བཏོན་པའི་ཀ་ལ་པ་ནིའི་ཆ་ཤས་ཤིག་དང་དེ་འབྲེལ་གྱི་ས་ཆ་ཁག་ཅིག་ཁོ་ཚོའི་ས་ཁོངས་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད།

ཀ་ལ་པ་ནིའི་གནད་དོན་དེ་བཞིན་དེ་སྔ་སྤྱི་ལོ་ ༡༨༡༦ ལོར་བལ་ཡུལ་གྱི་རྒྱལ་པོ་དང་དབྱིན་ཇིས་དབང་བསྒྱུར་བྱས་པའི་རྒྱ་གར་གཉིས་དབར་ས་གྷོ་ཏི་ཆིངས་ཡིག་བཞག་པ་ནས་ཐོན་པ་ཞིག་རེད། ཆིངས་ཡིག་དེའི་ཐོག་ནས་མ་ཧཱ་ཀ་ལི་གཙང་པོ་དེ་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་སུ་གཏན་འཁེལ་བྱས་ཡོད་ཀྱང་གཙང་ཆུ་དེའི་ཆ་ཤས་ཇི་འདྲ་ཞིག་ལ་མ་ཧཱ་ཀ་ལི་གཙང་པོར་ངོས་འཛིན་བྱ་དགོས་མིན་གསལ་པོ་བཀོད་མེད། འོན་ཀྱང་། དབྱིན་ཇིས་དབང་བསྒྱུར་བྱས་པའི་རྒྱ་གར་གྱི་རྟོགས་ཞིབ་པ་ཇེ་ནེ་རལ་མཆོག་གིས་བཏོན་པའི་ས་ཁྲའི་ནང་ཀ་ལ་པ་ནི་དང་། ལི་པུ་ལེག ལིམ་པི་ཡ་དུ་ར་བཅས་རྒྱ་གར་གྱི་ས་ཁོངས་ཡིན་པ་ཁ་གསལ་བཀོད་ཡོད་པ་དང་བལ་ཡུལ་གྱིས་མ་ཧཱ་ཀ་ལི་གཙང་ཚུའི་ཡོང་ཁུངས་ལ་རྩོད་པ་བྱེད་པའི་ཐོག་ནས་ས་ཁོངས་དེ་དག་གི་བདག་དབང་ཡོད་ཚུལ་བཤད་ཀྱི་ཡོད་པ་རེད། བལ་ཡུལ་གྱིས་བལ་ཡུལ་གྱི་ནུབ་ཕྱོགས་རྫོངས་ཁོངས་དར་ཆུ་ལའི་ནང་ཐག་གཅོད་མ་ཐུབ་པར་ལུས་པའི་ས་ཁོངས་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་གྱིས་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ པའི་ཚེས་ ༢ ཉིན་འདོན་སྤེལ་བྱས་པའི་ས་ཁྲ་དེ་བསྐྱར་བཅོས་བྱེད་དགོས་ཚུལ་གྱི་དགོས་འདུན་བཏོན་པའི་ངོ་རྒོལ་སྐད་འབོད་ཆེན་པོ་ཞིག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཊུ་ཏུ་བྱུང་ཡོད། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བལ་ཡུལ་གྱི་ངོས་ནས་ཀ་ལ་པ་ནི་དེ་བཞིན་བལ་ཡུལ་རང་གི་ས་ཁོངས་ཤིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། རྒྱ་གར་ཕྱི་སྲིད་ལྷན་ཁང་ནས་དེར་ལན་འདེབས་ཤིག་བྱས་པའི་ནང་དྷི་ལི་གསར་པས་བཏོན་པའི་ས་ཁྲ་གསར་པ་དེའི་ཐོག་ནས་རྒྱ་གར་གྱི་ས་ཁོངས་བདག་དབང་གསལ་འདོན་བྱེད་ཀྱི་ཡོད་པ་དང་ཕྱོགས་གང་ཅིའི་ཐད་ནས་བལ་ཡུལ་དང་ས་མཚམས་ཆགས་ཀྱི་མེད་ཅེས་གསུངས་ཡོད། 

བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་ཡིས་ཆབ་སྲིད་ཚོགས་པ་ཚང་མ་ཚང་བའི་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཏེ་བལ་ཡུལ་སྲིད་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་བརྒྱུད་ལམ་ཐོག་ནས་རྒྱ་གར་དང་ལྷན་དུ་གནད་དོན་དེ་ཐག་གཅོད་བྱ་ཐབས་འབད་བརྩོན་གནད་སྨིན་བྱེད་དགོས་སྐོར་བཤད་ཡོད། སྐུ་ཞབས་ཨོ་ལི་ཡིས་བལ་ཡུལ་གྱི་ས་ཁོངས་སོར་གང་ཡང་བློད་གཏོང་བྱ་རྒྱུ་མིན་སྐོར་བཤད་ཆབས་ཅིག་ཁོང་གི་སྲིད་གཞུང་ནས་ཕྱོགས་གཉིས་ཀྱི་བགྲོ་གླེང་བརྒྱུད་རྒྱ་གར་དང་ལྷན་དུ་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བཤད་ཡོད། 

སྤྱི་ལོ་ ༢༠༡༥ ལོར་ཡང་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་པེ་ཅིང་དུ་ཕེབས་ནས་ཧིན་དུའི་གནས་སྐོར་བསྟི་གནས་རྩ་ཆེན་མན་སི་རོ་བར་དུ་བསྐྱོད་པའི་བགྲོད་ལམ་ཐུང་ཤོས་ལི་པུ་ལེག་འཛུགས་བསྐྲུན་ཆེད་རྒྱ་ནག་དང་ལྷན་དུ་གྲོས་མཐུན་བཞག་སྐབས་བལ་ཡུལ་གྱིས་ངོ་རྒོལ་བྱས་ཡོད། བལ་ཡུལ་གྱིས་ས་ཁུལ་དེ་ཁོ་ཚོའི་ས་ཁོངས་ཡིན་ཚུལ་བཤད་ཀྱི་ཡོད། དེའི་སྐབས་ལ་གནས་ཚུལ་ཆེན་པོ་ཆགས་མེད་པ་དང་རྒྱ་གར་བདེ་སྲུང་མི་སྣས་ས་ཁོངས་དེར་སྲུང་སྐྱོབ་མི་མཐུད་ནས་བྱས་ཡོད། 

རྒྱ་གར་དང་བལ་ཡུལ་གཉིས་ཀྱི་དབར་ལ་འབྲེལ་ལམ་ཟབ་པོ་ཡོད་པ་དང་མཛའ་མཐུན་གྱི་འབྲེལ་བ་ཞིག་ཡོད་པ་དེའི་ཆོད་སེམས་བཟུང་བའི་ཐོག་ནས་ཕྱོགས་གཉིས་ཀས་གནད་དོན་དེ་ཐག་གཅོད་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། དྷི་ལི་གསར་པའི་ངོས་ནས་ས་མཚམས་བསྐྱར་སྒྲིག་བྱས་པ་དེ་བཞིན་ལག་བསྟར་འགྲོ་བཞིན་པའི་ལས་གཞི་ཞིག་ཡིན་པ་དང་དེའི་ཐོག་ནས་དེ་ལྟའི་གནད་དོན་ཚང་མར་སེལ་ཐབས་ཤིག་རྙེད་རྒྱུ་ཡིན་སྐོར་གསུངས་ཡོད། མ་ཟད་བལ་ཡུལ་ལ་མཛའ་འབྲེལ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དབར་ལ་འགལ་ཟླ་བཟོ་ཐབས་བྱེད་མཁན་དག་ལ་དྭོགས་གཟོན་བྱེད་དགོས་ཚུལ་བལ་ཡུལ་ལ་སྐུལ་མ་བྱས་ཡོད། རྒྱལ་ནང་གི་དཀའ་ངལ་དང་། གཅིག་བྱས་ན་བལ་ཡུལ་ནང་གི་ཕྱི་མིའི་ཁེ་ཕན་བཅས་ལ་རྟེན་ནས་ཀ་ཐ་མན་ཊུ་ནས་རང་རྒྱ་གར་ལྷན་གྱི་གནད་དོན་དེ་དག་བསྐྱར་སློང་བྱེད་དགོས་པ་ཆགས་ཡོད་སྲིད་པ་རེད་པ་དང་རྒྱལ་ཁབ་གཉིས་ཀའི་དབུ་ཁྲིད་ནས་གྲོས་མོལ་གྱི་ལམ་ནས་གནད་དོན་རྣམས་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་པ་རེད། ཀ་ལ་པ་ནིའི་གནད་དོན་ཐད་ལའང་རྒྱལ་ཁབ་གཉིས་དབར་གྱི་སྔོན་འགྲོའི་གྲོས་མོལ་ལས་རིམ་སྔ་ས་ནས་འགོ་ཚུགས་ཟིན་པ་རེད། བལ་ཡུལ་གྱི་རྒྱ་གར་བཅའ་སྡོད་ཆེས་མཐོའི་སྐུ་ཚབ་ནི་ལམ་བྷར་ཨ་ཅརྱ་ཡིས་དྷི་ལི་གསར་པར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ཇེ་གོག་ལེ་མཇལ་འཕྲད་བྱས་ཏེ་ཁོང་དང་ལྷན་དུ་གནད་དོན་དེའི་ཐད་བགྲོ་གླེང་གནང་ཡོད། བལ་ཡུལ་གྱི་ངོས་ནས་གནད་དོན་དེའི་ཐོག་ལ་ཕྱི་སྲིད་བློན་ཆེན་རིམ་པའི་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན་ཡོད། བལ་ཡུལ་གཞུང་གིས་ཀ་ལ་པ་ནིའི་ལོ་རྒྱུས་གནས་ཚུལ་ཤེས་རྟོགས་ཆེད་མཁས་པའི་ལས་དོན་རུ་ཁག་ཅིག་ཀྱང་སྒྲིག་འཛུགས་བྱས་ཡོད།

ཟླ་ ༨ ཟླ་མཇུག་ཏུ་ཀ་ཐ་མན་ཌུ་རུ་རྒྱ་གར་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རིམ་པའི་མཉམ་འདུས་སྐུ་ཚབ་ཚོགས་པའི་ཚོགས་འདུ་འཚོགས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྱོན་ཡོངས་ཀྱི་ཐད་ལ་བགྲོ་གླེང་གནང་ཡོད། དོན་དངོས་ཐོག་ན་ནིང་ལོར་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་གཉིས་ནས་མཉམ་ལས་བྱེད་སའི་ཁྱབ་ཁོངས་གསར་པ་གསུམ་རྙེད་ཡོད་པ་ནི་རག་ཛོལ་ནས་ཀ་ཐ་མན་ཌུ་བར་གྱི་གློག་ཤུགས་ལྕགས་ལམ་དང་། ཞིང་ལས་དང་ཆུ་ལམ་ཁྱབ་ཁོངས་ནང་ཕྱོགས་གཉིས་ཀར་གསར་འཚོལ་གྱི་མཉམ་ལས་བཅས་ཆགས་ཡོད། 

ཀ་ལ་པ་ནིའི་གནད་དོན་དེ་རྒྱ་གར་དང་བལ་ཡུལ་གཉིས་ཀར་ཚོར་བ་རྣོ་བ་ཞིག་ཡིན་པར་དྭོགས་པ་མེད། ཇི་ལྟར་ཀྱང་། རྒྱལ་ཁབ་གཉིས་ཀའི་ས་མཚམས་རྟོགས་ཞིབ་རུ་ཁག་ལམ་ནས་ལས་དོན་གཉེར་བཞིན་ཡོད་པ་དང་གནད་དོན་དེ་གང་མགྱོགས་ཐག་གཅོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

མ་ཟིན། ར་ཏན་སལ་དི། ཆབ་སྲིད་འགྲེལ་བརྗོད་པ།