དམག་དཔོན་བ་ཇ་ཝའི་ལས་ཡུན་དུས་འགྱང་བྱས་པའི་རྩོད་རྙོག

སྲིད་བློན་ཨིམ་རན་ཁན་གྱིས་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ཚེས་ ༡༩ ཉིན་དམག་དཔོན་ཁ་མར་ཇ་ཝེད་བ་ཇ་བར་ལས་ཡུན་ལོ་གསུན་དུས་འགྱང་བྱ་རྒྱུའི་བཀོད་ཁྱབ་བཏོན་པ་དེ་པ་ཀི་སི་ཏན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་རྩིས་མེད་བཏང་ཡོད་པ་རེད། ལོ་ན་ ༥༩ ལ་སོན་པའི་དམག་དཔོན་དེ་བཞིན་ཚེས་ ༢༨ ཀྱི་མཚན་དགུང་ཆུ་ཚོད་ ༡༢ ལ་རྒས་ཡོལ་ཞུ་བའི་དུས་ཚོད་ཟིན་གྱི་ཡོད། འོན་ཀྱང་ཆེས་མཐོའི་ཁྲིམས་ཁང་ནས་གནད་དོན་འདིའི་ཐད་ལ་གྲོས་ཚོགས་ནས་ཁྲིམས་འཆར་གཏན་འབེབ་བྱ་རྒྱུའི་ཁས་ལེན་དང་བཅས་ཏེ་ཟླ་བ་དྲུག་དུས་འགྱང་བྱ་རྒྱུ་བྱས་ཡོད་པ་རེད།

གནད་དོན་འདིའི་དབང་གིས་རྒྱལ་ཁབ་ནང་བགྲོ་གླེང་ཤུགས་ཆེ་བྱུང་ཡོད་པ་དང་ཆེས་མཐོའི་ཁྲིམས་ཁང་ནས་ཁྲིམས་ཐོག་གི་འཐབ་རྩོད་ཀྱང་བྱུང་ཡོད། 

ཁྲིམས་དཔོན་གཙོ་བོ་ཨ་སིཕ་ཁོ་ས་ཡིས་སྣེ་ཁྲིད་པའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་ནས་གནད་དོན་འདི་དབྱེ་ཞིབ་བྱ་རྒྱུའི་ཁུར་བླངས་ཡོད། ཁྲིམས་དཔོན་རུ་ཁག་གི་ངོས་ནས་རྒྱུད་རིམ་ཡོངས་རྫོགས་མགོ་རྟིང་ལོག་པ་ཞིག་ཡིན་པ་མཐོང་བ་དང་དེའི་རྐྱེན་གྱིས་སྲིད་བློན་ཨིམ་རན་ཁན་དང་སྲིད་འཛིན་ཨ་རིཕ་ཨལ་ཝི་རྣམ་པ་གཉིས་ཀར་དཀའ་ངལ་ཆེན་པོ་ཞིག་བཟོས་ཡོད་པར་མཐོང་ཡོད། ཁྲིམས་ཁང་ནས་དགོས་འདུན་དེ་ཉིད་ཐོག་མར་འཛིན་སྐྱོང་བཀའ་ཤག་ནས་བཀའ་ཁྲོལ་ཐོབ་དགོས་ཀྱི་ཡོད་པའི་ལམ་སྟོན་གནང་ཡོད། ད་གཟོད་ཁོ་ནར་སྲིད་བློན་དང་སྲིད་འཛིན་གྱིས་དེའི་ཐོག་ལ་ལས་ཀ་བྱེད་ཐུབ་རྒྱུ་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་ལྟར་ན་བློན་ཆེན་ ༢༥ ནས་ ༡༡ གིས་དགོས་འདུན་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁྲིམས་ཁང་ནས་དམག་སྒྲིག་གི་འགྲོ་ལུགས་ནང་དུས་འགྱང་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་མེད་པ་དང་དམག་དཔོན་གྱི་ལས་ཡུན་སྐོར་བྱེ་བྲག་ཏུ་འཁོད་པ་གང་ཡང་མེད་སྐོར་གསུངས་ཡོད། 

ཨིམ་རན་ཁན་གྱིས་བཀའ་ཤག་ལྷན་རྒྱས་ཀྱི་རྫ་དྲག་ཚོགས་འདུ་ཞིག་འཚོགས་ནས་དུས་འགྱང་ཞེས་པའི་ཚིག་དེ་བཀོད་ཕྱིར་པ་ཀི་སི་ཏན་རྒྱལ་སྲུང་ཞབས་ཞུའི་ཁྲིམས་ལུགས་ལེགས་བཅོས་བྱས་ཏེ་བཀོད་ཁྱབ་དང་པོ་དེ་ཕྱིར་བསྡུ་བྱས་པ་དང་དེ་འཕྲལ་བཀོད་ཁྱབ་གསར་པ་ཞིག་བཏང་ཡོད་པ་རེད། སྲིད་གཞུང་གི་ངོས་ནས་དམག་དཔོན་བ་ཇ་ཝའི་ལས་ཡུན་དུས་འགྱང་བྱས་པའི་རྒྱུ་མཚན་དེ་མངའ་ཁུལ་གྱི་བདེ་འཇགས་འཁོར་ཡུག་དང་འབྲེལ་བ་ཡོད་ཚུལ་བཤད་ཡོད། འོན་ཀྱང་། བ་ཇ་ཝ་ལ་ལོ་གསུམ་ཧྲིལ་པོའི་ལས་ཡུན་དུས་འགྱང་བྱས་པའི་རྒྱུ་མཚན་ངོ་མ་དེ་དེ་ལྟར་ཡིན་སྲིད་དམ། 

པ་ཀི་སི་ཏན་ཆེས་མཐོའི་ཁྲིམས་ཁང་ནས་དེ་སྔ་རྒྱལ་ཁབ་ཀྱི་དམག་སྒྲིག་ལ་འདི་ལྟར་བྱ་མྱོང་མེད་པ་རེད། མི་དམངས་སྲིད་གཞུང་གིས་འཛིན་སྐྱོང་ལེགས་པོ་མ་བྱུང་སྟབས་དམག་སྒྲིག་གི་བར་འདུམ་དགོས་པའི་རེ་སྐུལ་ལ་རྟེན་ནས་དམག་སྒྲིག་ནས་ཐེ་གཏོགས་བྱ་ཆོག་པའི་དགོས་ངེས་ཀྱི་ཆོག་མཆན་ཁྲིམས་ཁང་ནས་སྤྲད་མྱོང་ཡོད་པ་ཙམ་རེད། དགུ་པའི་བཅུ་གཅིག་གི་རྗེས་ནས་པ་ཀི་སི་ཏན་ཆེས་མཐོའི་ཁྲིམས་ཁང་ནས་དམག་དཔོན་མུ་ཤ་རཕ་ཡི་རྩ་ཁྲིམས་ལས་རྒལ་བའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་པ་ཙམ་མ་ཟད་ཁོང་ལ་འོས་བསྡུ་ལོ་གསུམ་རིང་ཕྱི་འགྱང་བྱ་ཆོག་པ་བཟོས་ཏེ་རྩ་ཁྲིམས་ལ་འགྱུར་བ་བཏང་ཡོད། དེར་རྟེན། དབང་ཤུགས་ཆེ་བའི་དམག་སྒྲིག་གིས་པ་ཀི་སི་ཏན་དབུ་བརྙེས་ནས་ད་བར་གྱི་དུས་ཡུན་ཕྱེད་ཀ་ལྷག་དབང་བསྒྱུར་བྱས་ཡོད་པ་དང་། བདེ་སྲུང་དང་ཕྱི་འབྲེལ་གཉིས་ལར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་རེད། ཁྲིམས་ཁང་གི་དཔྱད་ཁྲ་ལས་ལྷག་པའི་གལ་གནད་གཅིག་ནི་དཔྱད་ཁྲ་རྩིས་མེད་བཟོ་བ་དེ་ཆགས་ཡོད། འདས་པའི་དུས་ཚོད་ནང་དམག་དཔོན་ལྔ་འམ་དྲུག་ཙམ་གྱིས་རང་ཉིད་ཀྱི་ལས་ཡུན་དུས་འགྱངས་བྱས་ཡོད་པ་རེད། ཁྲིམས་ཁང་ནས་དེ་ལ་དགག་ཆ་བྱས་ཏེ་དེ་ལྟར་ཡོང་མི་ཆོག་ཅེས་བཤད་ཡོད། 

རྟོགས་ཞིབ་པ་རྣམས་ཀྱི་ཚོར་སྣང་ལྟར་ན་ཉེ་ཆར་ཁྲིམས་དཔོན་གཉིས་ལ་རྩིས་ཁྲ་མེད་པའི་མ་དངུལ་གྱི་ནག་ཉེས་བཙུགས་ཏེ་སྲིད་འཛིན་གྱི་འོས་མིར་འོས་སྦྱོར་མ་བྱས་པར་རྟེན་སྲིད་བློན་ལས་ཁུངས་ལ་ཡ་ལན་སློག་ཕྱིར་ཁྲིམས་ཁང་ནས་དེ་ལྟར་བྱེད་ཀྱི་ཡོད་པ་རེད། ཁྲིམས་དཔོན་བསྐོ་བཞག་བྱ་རྒྱུའི་ཐད་ལ་སྲིད་གཞུང་གིས་ཐེ་གཏོགས་བྱས་པ་དེར་ས་གནས་མི་དམངས་རྣམས་ཡི་མ་རངས་པ་བྱུང་ཡོད། པ་ཀི་སི་ཏན་བྷར་ལྷན་ཚོགས་ནས་དུས་འགྱང་བྱས་པ་དེར་ངོ་རྒོལ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། ཆབ་སྲིད་ཚོགས་པ་མང་པོ་ཞིག་ནས་ཀྱང་དུས་འགྱངས་བྱ་སྤྱོད་དེར་དགག་ཆ་བྱས་ཡོད་པ་རེད། ཕྱོགས་མཚུངས་དམག་དཔོན་མུ་ཤ་རཕ་ལ་བཙུགས་པའི་ཁ་མཆུ་དེ་ཟླ་ ༡༢ པའི་ཚེས་ ༥ ནས་དམིགས་བསལ་ཁྲིམས་ཁང་ནས་ཉན་ཞིབ་བྱ་འགོ་ཚུགས་རྒྱུ་ཡིན་པ་རེད། 

ལ་ལས་ཡིད་ཆེས་བྱེད་པར་གཞིགས་ན་ཨིམ་རན་ཁན་གི་སྲིད་གཞུང་དེ་དམག་སྒྲིག་ལ་བཙོང་ཟིན་པ་ཞིག་ཡིན་པ་དང་། ཆེད་དུ་བདམ་ག་བྱས་པ་ཞིག་ཡིན་པ་ལས་ཆེད་དུ་འོས་འདེམས་བྱས་པའི་སྲིུད་གཞུང་ཞིག་མ་ཡིན་པ་རེད། ཁོ་ཚོས་གསུངས་པར། དམག་དཔོན་བ་ཇ་ཝ་ལ་ལོ་གསུམ་ཧྲིལ་པོའི་ལས་ཡུན་དུས་འགྱང་བྱ་རྒྱུའི་བྱ་སྤྱོད་དེ་བཞིན་ཨིམ་རན་ཁན་གྱིས་དམག་སྒྲིག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཅིག་ཡིན་སྲིད་པ་རེད། ཆེས་མཐོའི་ཁྲིམས་ཁང་གི་བཀོད་ཁྱབ་ཐོན་ནས་ཆུ་ཚོད་ཁ་ཤས་ནང་ཁྲིམས་ལུགས་བློན་ཆེན་ཕ་རོཧ་ན་སིམ་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་དེ་བཞིན་བྱ་སྤྱོད་དེར་རྒྱབ་སྐྱོར་བྱས་ཐབས་ཤིག་ཡིན་པ་རེད། གནད་དོན་དེ་ཇི་ལྟར་ཞིག་ཡིན་རུང་གང་ལྟར་སྲིད་གཞུང་དེ་ཉིད་རྒྱལ་ཁབ་ཀྱི་གནད་དོན་སྟངས་འཛིན་བྱེད་ཐུབ་མཁན་ཞིག་མིན་པ་ར་སྤྲོད་བྱུང་ཡོད། པེ་ཤི་ཝར་ཆེས་མཐོའི་ཁྲིམས་ཁང་ནང་དམག་དཔོན་བ་ཇ་ཝ་ཨཧ་མ་ཌི་ཡིན་པ་རྒྱུ་མཚན་དུ་བྱས་ནས་ལས་ཡུན་དུས་འགྱང་བྱས་པར་དགག་བ་བརྒྱབ་རྒྱུའི་ཞུ་གཏུགས་ཞིག་བྱས་ཡོད་པ་སྟེ། པ་ཀི་སི་ཏན་ནང་ལ་ཨཧ་མ་ཌི་དེ་ཁ་ཆེ་བ་མིན་པའི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཨཧ་མ་ཌི་རིགས་དེ་སྲོག་ཐོག་གཏང་རྒྱུའི་རིགས་ཤིག་ཡིན་པ་རེད། འདིའི་ཐད་ལ་ཁྲིམས་ཁང་གིས་ལག་ལེན་ཇི་བསྟར་བལྟ་རྒྱུ་རེད། 

མ་ཟིན། ཨ་ཤོག་ཧན་ཌུ། ཆབ་སྲིད་འགྲེལ་བརྗོད་པ།