འཕེལ་རྒྱས་ལ་ཤུགས་སྣོན་ཆེད་རྒྱ་གར་གྱིས་སེམས་ཐག་ཆོད་པའི་ངང་རྨང་གཞིའི་ཐོག་མ་འཇོག་ཆེར་བསྐྱེད་བྱས་པ།

དཔལ་འབྱོར་འཕེལ་རྒྱས་དལ་པོ་ཆགས་བཞིན་པ་ཁ་གཏད་གཅོག་ཆེད་དང་བཟོ་ལས་རྒྱབ་སྐྱོར་གྱི་སྲིད་བྱུས་དང་ལས་གཞི་ཁག་རྒྱུན་སྐྱོང་ཆེད་སྲིད་གཞུང་གིས་རེ་གཟའ་ལྷག་པའི་ཉིན་འཆར་གཞི་ཆེན་པོ་ཞིག་གསར་བསྐྲུན་བྱས་ཡོད་པ་ནི། འབྱུང་འགྱུར་ལོ་ལྔའི་ནང་རྒྱལ་ཁབ་ཀྱི་རྨང་གཞིའི་ཁྱབ་ཁོངས་ནང་ཧིན་སྒོར་ཀ་རོར་འབུམ་བརྒྱ་མ་འཇོག་བྱ་རྒྱུ་བྱས་པ་དེ་རེད། མ་འཇོག་གི་འགུལ་ཤུགས་ཆེན་པོ་འདིས་རྨང་གཞིའི་སྤུས་ཚད་དང་ཆ་རྐྱེན་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་ཡིད་ཆེས་བྱེད་པའི་ཐོག་ནས་ལྕགས་ལམ་དང་བཟོ་ཚོང་བློན་ཆེན་པི་ཡུ་ཤི་གོ་ཡལ་ལགས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་རྒྱལ་ནང་གི་དཔལ་འབྱོར་ནུས་འཕེལ་བཟོ་རྒྱུའི་ཆེད་མཁའ་འགྲུལ་དང་། མཚོ་འགྲུལ། གཞུང་ལམ། རྒྱ་ལམ། ལྕགས་ལམ། གྲུ་ཚིགས། གློག སྣུམ། རླང་སྣུམ་བཅས་ཚུད་པའི་རྨང་གཞིའི་ཁྱབ་ཁོངས་ཡོངས་ལ་སླར་གསོ་ཞིག་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད། 

གཞི་རྒྱ་ཆེ་བའི་ལྕགས་ལམ་གྱི་འགོ་འཛིན་ཡིན་པའི་ཆ་ནས་སྐུ་ཞབས་གོ་ཡལ་གྱིས་རྒྱ་གར་མེ་འཁོར་འཛིན་སྐྱོང་ནས་ཧིན་སྒོར་ཀ་རོར་འབུམ་ ༥༠ མ་འཇོག་བྱ་རྒྱུ་ཚུད་པའི་འཆར་གཞི་ལོ་ ༡༢ ཅན་ཞིག་འཆར་འགོད་བྱས་ཡོད་པ་དེ་བར་རྒལ་གྱི་དུས་ཚོད་ནང་བྱུང་མྱོང་མེད་པ་ཞིག་ཡིན་ཚུལ་གསུངས་ཡོད། སྲིད་གཞུང་ཁོ་ནའི་ངོས་ནས་དངུལ་འབོར་ཕོན་ཆེ་འདི་ལྟར་ཞིག་མ་འཇོག་ཐུབ་ཐབས་མེད་པར་རྟེན་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་པའི་ཐོག་ནས་སྒེར་གྱི་མ་འཇོག་ནང་འདྲེན་གྱིས་ཁ་སྣོན་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཁོང་གིས། སྲིད་གཞུང་གི་ངོས་ནས་སྤྱི་དམངས་དང་སྒེར་གྱི་ཟླ་གྲོགས་ཐོག་ནས་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། 

 འདས་པའི་ལོ་ལྔའི་ནང་། སྲིད་གཞུང་གིས་སྤྱི་ལོ་ ༢༠༢༤ ནས་ ༢༠༢༥ ཚུན་དུ་རྒྱ་གར་གྱི་དཔལ་འབྱོར་འདི་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༥ ལ་སླེབས་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་དངོས་སུ་བསྒྲུབ་པའི་ལས་འགོ་བརྩམས་ཆེད་རྒྱ་གར་གྱི་དཔལ་འབྱོར་ཁྲོད་དུ་ལེགས་བཅོས་ཆེ་གྲས་ཁག་ཅིག་ལག་བསྟར་བྱས་ཡོད་པ་རེད། མ་འཇོག་གི་ཐབས་ལམ་སྣ་ཚོགས་བྱས་པའི་ཁྲོད་ནས་གཅིག་ནི་སྤྱི་ལོ་ ༢༠༡༦ ལོར་མ་རྩ་སྟོང་བའི་ཁྲིམས་ལུགས་གསར་བསྐྲུན་བྱས་པ་དེ་ཆགས་ཡོད། དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་ལག་བསྟར་བྱས་པ་དེས་དཔྱ་ཁྲལ་སྣ་ཚོགས་ཡོད་པ་རྣམས་སྣ་ཆ་ཉུང་ཤས་ཀྱི་ལམ་ལུགས་སུ་བསྡུས་ནས་ཚོང་ལས་གཉེར་བདེ་ཡར་རྒྱས་གཏང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱ་གར་ནང་བཟོས་ཞེས་པའི་ལས་གཞི་དེ་ཡང་འཛམ་གླིང་ནང་ནས་སྤུས་ཚད་ལེགས་ཤོས་གྲས་སུ་སླེབས་པའི་དངོས་ཟོག་དང་ཞབས་ཞུ་རྒྱལ་ནང་ནས་ཐོན་སྐྱེད་བྱས་པར་ཤུགས་སྣོན་གྱི་གྲུབ་འབྲས་ཆེན་པོ་ཞིག་ཆགས་ཡོད། 

ཉེ་བའི་ཆར་སྲིད་གཞུང་གིས་མ་འཇོག་བྱེད་སྒོ་ཁག་ལ་ཤུགས་སྣོན་རྒྱག་ཕྱིར་མཉམ་སྦྲེལ་དཔྱ་ཁྲལ་བརྒྱ་ཆ་ ༣༠ ནས་ ༢༢ བར་གཅོག་ཆ་བྱས་ཡོད། བྱེ་བྲག་ཏུ། རྒྱལ་ནང་གི་བཟོ་བསྐྲུན་སྡེ་ཚན་རྣམས་ལ་མཉམ་སྦྲེལ་གྱི་དཔྱ་ཁྲལ་བརྒྱ་ཆ་ ༡༥ བར་གཅོག་ཆ་བྱས་ཡོད་པ་དེ་ད་ལྟའི་འཛམ་གླིང་ནང་དཔྱ་ཁྲལ་དམའ་ཤོས་ཆགས་ཡོད་པ་རེད། 

དཔལ་འབྱོར་རྟོགས་ཞིབ་ནང་གསལ་འདོན་བྱས་པ་ལྟར། རྨང་གཞིའི་མ་འཇོག་དང་དཔལ་འབྱོར་འཕེལ་རྒྱས་དབར་ལ་འབྲེལ་ལམ་ཧ་ཅང་ཆེན་པོ་ཡོད་པའི་གནས་ཚུལ་དེ་སྲིད་གཞུང་ནས་ཤེས་རྟོགས་བྱུང་ཡོད་པ་རེད། ས་ཐོག་དང་། གཞུང་ལམ། ལྕགས་ལམ། གནམ་ཐང་བཅས་ཀྱི་རྨང་གཞིའི་ནང་མ་འཇོག་བྱེད་པ་དང་རྒྱལ་ནང་ཐོན་སྐྱེད་རྩ་འབོར་དབར་གྱི་འབྲེལ་བ་དེ་བརྒྱ་ཆ་ ༠.༩༠ ལས་ལྷག་པ་ཡོད་པ་དའི་ཐོག་ནས་རྒྱལ་ནང་ཐོན་སྐྱེད་རྩ་འབོར་དང་རྨང་གཞིའི་མ་འཇོག་དབར་ལ་འབྲེལ་ལམ་ཤུགས་ཆེ་ཡོད་པ་ར་སྤྲོད་བྱུང་ཡོད། དམིགས་ཡུལ་ལྟར་གྱི་དཔལ་འབྱོར་འཕེལ་རྒྱས་ལམ་ལྷོང་ཡོང་དགོས་ན་རྨང་གཞིའི་ཐོག་ལ་མ་འཇོག་ཤུགས་ཆེ་བྱེད་དགོས་པ་ར་སྤྲོད་བྱུང་ཡོད། 

མ་ཟིན། ཇི་སི་རི་ནི་ཝ་སན། དཔལ་འབྱོར་གསར་འགོད་པ་རྒན་པ།