རྒྱ་གར་གྱིས་གྷལ་ཕ་ཁུལ་དུ་ལྷིང་འཇགས་དགོས་པའི་སྐུལ་མ་ཞུས།

གཟའ་འཁོར་སྔ་མའི་རེ་གཟའ་པ་སངས་ཉིན་ཨ་རིས་ཨི་རན་གྱི་ཨལ་ཁཙ་དཔུང་དམག་གི་དམག་དཔོན་ཁ་སེམ་སོ་ལེ་མ་ནི་བསད་རྗེས་པར་ཤི་ཡའི་གྷལ་ཕ་མངའ་ཁུལ་ནང་འགལ་ཟླ་བྱུང་བཞིན་པའི་སྐབས་འདིར་ཕྱི་སྲིད་བློན་ཆེན་ཌག་ཌར་ཨཝ་སི་ཇེ་ཤན་ཀར་ལགས་ཀྱིས་ཨི་རན་གྱི་བབ་མཚུངས་བློན་ཆེན་མོ་ཧ་མད་ཇ་ཝིད་ཛ་རིཕ་ལ་བཀའ་མོལ་གནང་སྟེ་གནས་ཚུལ་ཧ་ཅང་ཚབས་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་བྱས་ཡོད། ཌག་ཌར་ཇེ་ཤན་ཀར་གྱིས་འགལ་ཟླའི་ཚབས་ཆེན་རང་བཞིན་ལ་རྒྱ་གར་གྱིས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཚུལ་གསུངས་ཡོད་པ་དང་ཕྱོགས་གཉིས་ཀས་ཕན་ཚུན་རྒྱུན་མཐུད་འབྲེལ་མཐུད་བྱ་རྒྱུའི་མོས་མཐུན་གནང་ཡོད། ཕྱི་སྲིད་བློན་ཆེན་མཆོག་གཟའ་འཁོར་ཁ་ཤས་གོང་ལ་མཉམ་འདུས་སྐུ་ཚབ་ཚོགས་འདུ་ཐེངས་བཅུ་དགུ་པའི་ཆེད་དུ་ཏེཧ་རན་དུ་བཅར་སྐབས་སྲིད་འཛིན་ཧ་སན་རོ་ཧ་ནི་དང་། སྐུ་ཞབས་ཛ་རིཕ་གཙོས་པའི་ཨི་རན་གྱི་དཔོན་རིགས་ཆེ་ཁག་དང་མཇལ་འཕྲད་གནང་ཡོད། འཆར་གཞི་ལྟར་བྱས་ན་སྐུ་ཞབས་ཛ་རིཕ་མཆོག་ཟླ་འདིའི་ཚེས་ ༡༤ ཉིན་རེ་སི་ན་གྲོས་མོལ་ཆེད་རྒྱ་གར་དུ་ཕེབས་འཆར་ཡོད་པ་རེད། 

ཨི་རན་གྱི་དབུ་ཁྲིད་རྣམས་ཀྱིས་བཤད་པར་གཞིགས་ན་ཁོ་ཚོས་ཨ་རིར་འཁོན་ལན་དྲག་པོ་ཞིག་སློག་རྒྱུར་ངང་སྒུག་བྱེད་བཞིན་ཡོད་པ་རེད། ཨ་རིར་མི་དགའ་བའི་ཚོར་བ་དྲག་པོ་ཡོད་བཞིན་པ་ལྟར་ཨི་རན་གྱི་གསར་བརྗེའི་དམག་དཔུང་གི་དམག་དཔོན་གྱིས་བཤད་པར་གཞིགས་ན་དུས་ཡུན་རིང་པོ་ཞིག་གི་གོང་ནས་ཨི་རན་གྱིས་མངའ་ཁུལ་ནང་ཡོད་པའི་ཨ་རིའི་ས་ཚིགས་གལ་ཆེན་ཁག་གཅིག་ངོས་འཛིན་བྱས་ཟིན་པ་དང་། ཊེལ་ཨ་ཝི་གཙོས་པའི་ས་ཚིགས་ཁག་ ༣༥ ཙམ་ཞིག་ལ་ཨི་རན་གྱིས་སྙོབ་ཐུབ་ཀྱི་ཡོད་པ་རེད། 

སྐད་ཆ་དེའི་དབང་གིས་སྲིད་འཛིན་ཊྲམ་ནས་ཨ་རིའི་ངོས་ནས་ཨི་རན་གྱི་ས་ཚིགས་ཁག་ ༥༢ ངོས་འཛིན་བྱས་ཟིན་པ་དང་ ( སྤྱི་ལོ་ ༡༩༧༩ ལོར་ཨི་རན་གྱི་སློབ་ཕྲུག་རྣམས་ནས་ཨ་རིའི་ཆབ་སྲིད་མི་སྣ་མང་པོ་ཞིག་འཛིན་བཟུང་བྱས་པའི་གྲངས་ཚད་) དེའི་ནང་ཨི་རན་གྱི་ཆེས་གལ་གནད་ཆེ་བའི་རིག་གཞུང་བསྟི་གནས་ཁག་ཚུད་ཡོད་པ་དང་དེ་དག་ཚང་མ་མྱུར་ཚད་ཆེན་པོ་དང་དྲག་ཤུགས་ཆེན་པོའི་ཐོག་ནས་གཏོར་རྒོལ་གནང་རྒྱུའི་ཉེན་བརྡ་ཁྱབ་བསྒྲགས་བྱེད་དགོས་པ་ཆགས་ཡོད། 

རྒྱལ་སྤྱིའི་སྤྱི་ཚོགས་ཕལ་ཆེ་བ་ལྟར་རྒྱ་གར་གྱིས་ཀྱང་གནས་སྟངས་དེའི་ཚབས་ཚད་ངོས་འཛིན་ཐུབ་ཀྱི་ཡོད་པ་དང་དམག་དཔོན་དེ་བསད་ནས་ཡུན་རིང་མ་འགོར་བར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དྷི་ལི་གསར་པས་པར་ཤི་ཡའི་གྷལ་ནང་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་དགོས་རྒྱུ་གལ་ཆེན་ཡིན་པ་དྲན་གསོ་བྱས་པ་དང་གནས་སྟངས་མུ་མཐུད་ཚབས་ཆེ་རུ་མི་འགྲོ་བའི་རེ་བ་བཏོན་ཡོད། རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ཌག་ཌར་ཛ་རིཕ་དང་བཀའ་མོལ་གནང་རྗེས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མའིཁ་པོམ་པིའོ་དང་ཡུ་ཨེ་ཨི་དང་ཨོ་མན་གྱི་ཕྱི་སྲིད་བློན་ཆེན་བཅས་ལའང་ཞལ་པར་བཏང་ཡོད། 

ཨ་སྒོར་ས་ཡ་མང་པོ་དང་འབྲེལ་བའི་དྲི་བ་དེ་ནི་ཨི་རན་གྱི་ཡ་ལན་དེ་ཅི་ཞིག་ཡིན་སྲིད་པ་དེ་རེད། དྲི་བ་འདིས་ཐབས་བྱུས་སྡེ་ཁག་མགོ་འཐོམ་དགོས་པ་བཟོས་ཀྱི་ཡོད། མངའ་ཁུལ་ནང་ཡོད་པའི་ཨ་རིའི་ཁེ་ཕན་ཁག་ལ་ཐད་ཀར་དྲག་རྒོལ་བྱ་རྒྱུའམ་ཡང་ན་ཐད་ཀར་ཨ་རིའི་ས་ཐོག་ལ་གཏོར་རྒོལ་བྱ་རྒྱུ་ནི་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད། གང་ལགས་ཤེ་ན་ཨ་རིས་དེ་སྡུག་རྩུབ་ཆེ་བའི་འཁོན་ལན་སློག་ཞིག་སློག་དགོས་པ་ཆགས་ཀྱི་རེད། དེས་ན། ཨི་རན་ཨི་རན་གྱིས་དཀྱིལ་ཤར་ཨེ་ཤི་ཡའི་ནང་ཡོད་པའི་ཨ་རིའི་མཐུན་གྲོགས་རྣམས་ལ་དམིགས་འབེན་བཟུང་སྲིད་པ་ནི་དཔེར་ན་ཨི་ཛི་རལ་དང་། ཨི་རག སའོ་དི་ཨ་རཱ་བྷི་ཡ་བཅས་རེད། 

རྒྱལ་ཁབ་འདི་དག་དང་རྒྱ་གར་གྱི་དབར་ལ་འབྲེལ་ལམ་བློ་ཐག་ཉེ་པོ་ཡོད་པ་རེད། གལ་ཏེ་ཨི་རན་གྱི་ཡ་ལན་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཚེ་ཨི་རན་གྱི་བྱ་སྤྱོད་དེས་པར་ཤི་ཡའི་གྷལ་ཕ་མེ་དོང་དུ་བསྒྱུར་སྲིད་པ་དང་མངའ་ཁུལ་དེ་རྒྱ་གར་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་རེད། 

དྷི་ལི་གསར་པར་ཨི་རན་གྱི་ནུས་ཤུགས་བདེ་འཇགས་དང་ ཆ་བྷ་ཧར་གྲུ་ཚིགས། དཀྱིལ་ཤར་ཨེ་ཤི་ཡར་བསྐྱོད་པའི་སྐྱེལ་འདྲེན་བརྒྱུད་ལམ་བཅས་ནས་ཁེ་ཕན་ཆེན་པོ་ཡོད། དེས་མཚུངས། རྒྱ་གར་གྱིས་ཨི་རན་གྱི་དབུ་ཁྲིད་རྣམས་ད་ལྟའི་རྫ་དྲག་གི་དུས་སྐབས་འདིར་ཏེཧ་རན་ཁེར་རྐྱང་མ་ཡིན་པར་ཁོ་ཚའི་རྒྱབ་ལ་རྒྱ་གར་གྱི་རྣ་བ་དང་གོ་རྟོགས་ཡོད་སྐོར་གྱི་བརྡ་འཕྲིན་ཟབ་མོ་ཞིག་སྤྲད་བཞིན་ཡོད། རྒྱ་གར་ལྟ་བུའི་རྒྱལ་ཁབ་གཅིག་གིས་སོ་ལེ་མ་ནི་བསད་པའི་འཁོན་ལན་གྱི་བྱ་སྤྱོད་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དགོས་རྒྱུ་ཨི་རན་ལ་གོ་བཀོན་ཐུབ་པ་བྱེད་དགོས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨི་རན་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཚད་ཆེ་ས་ནས་ལྟས་ན་རྒྱ་གར་གྱིས་གོ་བཀོན་བྱེད་པ་དེས་ཨི་རན་ལ་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་དུ་ཆུག་ཐུབ་རྒྱུ་ཡིན་པ་རེད། 

མ་ཟིན། པོར་ཕེ་སར་པི་ཨར་ཀུ་མར་སྭ་མི།