སིངྒ་པོར་གྱིས་རྒྱ་གར་གྱི་རྨང་གཞི་ཡར་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ།

སིངྒ་པོར་གྱི་སྤྱི་ཚོགས་ཆབ་སྲིད་ཀྱི་འབྲེལ་མཐུད་བློན་ཆེན་དང་བློན་ཆེན་རྒན་པ་སྐུ་ཞབས་ཐར་མན་ཤན་མུ་གྷ་རཏ་ནམ་མཆོག་དྷི་ལི་དང་མུམ་བྷེ་གཉིས་སུ་ལས་དོན་ཕྱོགས་ཕེབས་གནང་ཡོད། ཕྱོགས་པེབས་སྐབས་ཁོང་གིས་སྲིད་བློན་ན་རེནྡྲ་མོ་དྷི་དང་། དཔལ་འབྱོར་བློན་ཆེན་ནིར་མ་ལ་སི་ཐ་རཱ་མན། དེ་མིན་གཞུང་འབྲེལ་དབུ་ཁྲིད་ཁག་གཅིག་དང་ཐུག་འཕྲད་གནང་ཡོད། ཁོང་དང་ལྷན་དུ་སིངྒ་པོར་ཕྱི་སྲིད་ལྷན་ཁང་སྲིད་བློན་ལས་ཁུངས་བཅས་ཀྱི་ལས་བྱེད་ཁག་གཅིག་ཕེབས་ཡོད་པ་དང་། ཁོང་གིས་མ་ཧཱ་རཱ་ཤི་ཊྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨུ་དཝ་ཐ་ཀེ་རེ་དང་བཟོ་ལས་ཀྱི་འགོ་ཁྲིད་རྣམས་དང་ལྷན་དུའང་ཐུག་འཕྲད་གནང་ཡོད།

སྐུ་ཞབས་ཤན་མུ་གྷ་རཏ་ནམ་རྒྱ་གར་དུ་ཕེབས་པའི་དགོས་དོན་ནི་ཚོང་ལས་དང་མ་འཇོག་གི་འབྲེལ་ལམ་ཤུགས་སྐྱེད་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད། དེ་ཡང་ཁོང་གིས་རྒྱ་གར་གྱི་སྲིད་བྱུས་བཟོ་མཁན་རྣམས་དང་ལྷན་དུ་བགྲོ་གླེང་གནང་སྐབས་ཌི་གི་ཊལ་དཔལ་འབྱོར་དང་། རྨང་གཞི། སྒྱུ་རྩལ་འཕེལ་རྒྱས། རྒྱ་གར་དང་སིངྒ་པོར་གྱི་འཐུས་ཚང་དཔལ་འབྱོར་མཉམ་ལས་གྲོས་མཐུན་བཅས་ཀྱི་ཐད་ལ་ནན་བཤད་བྱས་ཡོད་པ་དེ་ནས་ར་སྤྲོད་ཐུབ་ཡོད། ཕྱོགས་ཕེབས་རིང་། སྐུ་ཞབས་ཤན་མུ་གྷ་རཏ་ནམ་མཆོག་ནས་རྒྱ་གར་འདི་ཉིད་སྤྱི་ལོ་ ༢༠༢༠ ལོར་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་པའི་ཚོགས་གཙོ་ཆགས་རྒྱུར་སིངྒ་པོར་ནས་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད།

རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཀྱི་ཚོང་ལས་རྣམས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་སྤྱི་ལོ་ ༢༠༡༩ ལོར་ཁྱོན་ཨ་སྒོར་ཐེར་འབུམ་ ༢༦ ལྷག་ཟིན་ཡོད་པ་རེད། རྒྱ་གར་དང་སིངྒ་པོར་གཉིས་ཀས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་དག་ད་དུང་མཐོ་ཚད་གསར་པར་འདྲེན་ནུས་ཡོད་པ་གསལ་པོ་ཤེས་ཀྱི་ཡོད། རྒྱ་གར་གྱིས་ཉེ་ཆར་མངའ་ཁུལ་འཐུས་ཚང་དཔལ་འབྱོར་ཟླ་གྲོགས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པར་རྟེན་རྒྱ་གར་དང་སིངྒ་པོར་གྱི་ཚོང་ལས་འབྲེལ་ལམ་རྣམས་སྤྱི་ལོ་ ༢༠༠༥ ལོར་མི་རྟགས་བཀོད་པའི་ཕྱོགས་གཉིས་ཀྱི་འཐུས་ཚང་དཔལ་འབྱོར་མཉམ་ལས་གྲོས་མཐུན་གྱིས་འཛིན་སྐྱོང་བྱ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད། གྲོས་མཐུན་བསྐྱར་བཅོས་ཐེངས་གཉིས་པ་དེ་སྤྱི་ལོ་ ༢༠༡༨ ལོར་བྱས་ཡོད། རྒྱ་གར་གྱི་ཨའི་ཊི་དང་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཆེད་ལས་པ་རྣམས་སིངྒ་པོར་དུ་འགྲོ་བསྐྱོད་ཇི་ཙམ་ཆེ་བ་བྱུང་ན་དེ་ཙམ་གྱིས་ཕྱོགས་གཉིས་ཀྱི་ཚོང་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

རྒྱ་གར་གྱི་ཕུག་རྒྱང་རིང་པོའི་འཕེལ་རྒྱས་ལ་གདེང་ཚོད་ཡོད་སྐོར་གསུངས་པའི་ཐོག་ནས་སྐུ་ཞབས་ཤན་མུ་གྷ་རཏ་ནམ་ལགས་ནས་སིངྒ་པོར་ནས་རྒྱ་གར་ནང་ཚན་རྩལ་དང་དམག་དོན་ཡོ་ཆས་ཐོག་ལ་མ་འཇོག་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་ཡོད། རྒྱ་གར་གྱི་ལོ་འཁོར་འཕེལ་རྒྱས་ཚད་གཞིའི་ནང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཉམ་ཞན་དུ་འགྲོ་བཞིན་པའི་དུས་སྐབས་འདིར་སིངྒ་པོར་གྱིས་རྒྱ་གར་གྱི་འཕེལ་རྒྱས་ལ་ཡིད་ཆེས་བརྟན་པོ་ཡོད་པ་ར་སྤྲོད་བྱས་ཡོད། སིངྒ་པོར་དེ་བཞིན་རྒྱ་གར་ནང་མ་འཇོག་བྱེད་མཁན་ཕྱིའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་རེད།

སྐུ་ཞབས་ཤན་མུ་གྷ་རཏ་ནམ་ལགས་ཀྱི་ཕྱོགས་ཕེབས་རིང་རྒྱ་གར་གྱིས་རྨང་གཞིའི་དམིགས་འབེན་དོན་འཁྱོལ་ཡོང་སླད་དུ་སིངྒ་པོར་གྱི་རྒྱབ་སྐྱོར་ཞུས་ཡོད། སྲིད་གཞུང་གིས་རྨང་གཞིའི་ཐོག་ལ་འགྲོ་སོང་གཏང་རྒྱུའི་ཆ་ཤས་སུ་འབྱུང་འགྱུར་ལོ་ལྔའི་ནང་ཉེ་འཆར་འགོ་བཙུགས་པའི་རྒྱལ་ཡོངས་རྨང་གཞིའི་སྦུག་ལམ་ཞེས་པའི་ལས་འཆར་དེ་ལག་བསྟར་བྱ་རྒྱུ་ཡིན་པ་དང་དེར་ཧིན་སྐོར་ཀ་རོར་འབུམ་ ༡༠༢ འགྲོ་སོང་གཏང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། 

རྒྱལ་ཡོངས་རྨང་གཞིའི་སྦུག་ལམ་དེར་རྒྱལ་ཁབ་ཁྱོན་ཡོངས་སུ་རྨང་གཞི་ཡར་རྒྱས་ཀྱི་སྤུས་ཚད་མདུན་མཆོངས་བྱེད་ཐུབ་པའི་དོན་སྙིང་ལྡན་ཡོད། ཇི་ལྟར་ཀྱང་། དེར་ཐོན་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་དགོས་ཀྱི་ཡོད་པ་དང་དུས་ཚོད་ཀྱིས་ཚོད་འགམ་བྱས་པའི་མཛའ་གྲོགས་སིངྒ་པོར་མགྲོན་འབོད་བྱ་རྒྱུའི་ཐག་གཅོད་དེས་ལས་འཆར་དེའི་རྒྱུད་རིམ་པ་མཐུན་འགྱུར་རླབས་ཆེན་བསྐྲུན་རྒྱུ་ཡིན་པ་རེད།

ཕྱོགས་གཉིས་ནས་སིངྒ་པོར་གྱི་དྲྭ་འབྲེལ་ཚོང་ལས་སྡིང་ཆའི་ཐོག་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱུང་ཡོད། དྲྭ་འབྲེལ་ཚོང་ལས་སྡིང་ཆའི་ལས་གཞི་དེ་བཞིན་ཌི་ཇི་ཊལ་ལ་གཞི་བཅོལ་བ་ཞིག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་མཉམ་བཞུགས་བྱེད་མཁན་རྣམས་ལ་ཀར་ཀོར་མེད་པའི་བརྒྱུད་རིམ་ཞིག་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད། སིངྒ་པོར་དང་ལྷན་དུ་ཌི་ཇི་ཊལ་ཨི་ཚོང་ལས་དང་ཌི་ཇི་ཊལ་ཅན་བཅས་ཀྱི་ཐོག་ལ་ཟླ་གྲོགས་སྒྲིག་པ་དེས་རྒྱ་གར་ལ་ངལ་རྩོལ་ལ་གཞི་བཅོལ་བའི་དཔལ་འབྱོར་ནས་ཚན་རྩལ་ལ་གཞི་བཅོལ་བའི་དཔལ་འབྱོར་ལ་འཕོ་འགྱུར་གཏང་རྒྱུའི་ཕན་ཐོགས་ཡོང་རྒྱུ་ཡིན་པ་རེད། 

སྐུ་ཞབས་ཤན་མུ་གྷ་རཏ་ནམ་གྱིས་རྒྱ་གར་དངུལ་ཁང་ཆེན་མོའི་ནང་སུ་རེཤ་ཏེན་དུལ་ཀར་དྲན་རྟེན་གསུང་བཤད་ཐེངས་གསུམ་པའི་ཐོག་གཞི་རྒྱ་ཆེ་བའི་འཕེལ་རྒྱས་དང་རྨང་གཞིར་གདོང་ལེན་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད། རྒྱ་གར་དངུལ་ཁང་གིས་བཤད་པ་ལྟར་ན། སྐུ་ཞབས་ཤན་མུ་གྷ་རཏ་ནམ་གྱིས་མིའི་ཐོན་ཁུངས་དང་གཙང་སྦྲ་དོད་པ་དང་སྡོན་ཐོན་གྱི་གྲོང་འཁྱེར་འཛུགས་བསྐྲུན་བཅས་ཀྱི་ཁྱབ་ཁོངས་ནང་སྒྲོམ་གཞི་ལེགས་བཅོས་བྱེད་དགོས་པ་གསུངས་ཡོད། མིའི་ཐོན་ཁུངས་ཀྱི་ཐད་ལ་ཁོང་གིས་ཤེས་ཡོན་དང་འཕྲོད་བསྟེན། སྒྱུ་རྩལ། ངལ་རྩོལ་ཁྲོམ་ར་བཅས་ལེགས་བཅོས་བྱེད་དགོས་ཚུལ་གསུངས་ཡོད། མ་ཟད་ཁོང་ནས་གྲོང་འཁྱེར་གསར་པ་རྣམས་ཀྱིས་འཐུས་ཚད་འཕེལ་རྒྱས་ཡོང་རྒྱུར་ཞབས་འདེགས་ཆེན་པོ་བསྒྲུབ་རྒྱུ་ཡིན་སྐོར་གསུངས་ཡོད། གྲོང་འཁྱེར་རྣམས་སྔོན་ཐོན་དང་གཙང་སྦྲ་དོད་པོ་བཟོ་རྒྱུའི་ཐད་རྒྱ་གར་གྱིས་སིངྒ་པོར་ནས་བསླབ་བྱ་ལེན་རྒྱུ་ཡོད་པ་གསལ་པོ་རེད། 

མིའི་འབྲེལ་ལམ་གྱི་ཐད་ནས་བཤད་ནའང་སིངྒ་པོར་དེ་ཉིད་རྒྱ་གར་གྱི་ཤར་ཕྱོགས་འབྲེལ་ལམ་གྱི་ལྟར་བར་གྱུར་ཡོད་པ་གསལ་པོ་ཆགས་ཡོད། སྤྱི་ལོ་ ༢༠༡༩ ལོར་ཡུལ་སྐོར་བ་ས་ཡ་ ༡.༢ སྐོར་ཞིག་སླེབས་ཡོད་པར་རྟེན་སིངྒ་པོར་ནང་ཡུལ་སྐོར་ཡོང་མཁན་རྒྱལ་ཁབ་ཆེ་ཤོས་གསུམ་པ་དེ་རྒྱ་གར་ཆགས་ཡོད་པ་རེད། དེའི་གོང་ལ་རྒྱ་ནག་དང་ཨིན་ཌོ་ནེ་ཤི་ཡ་ཡིན་པ་རེད། སིངྒ་པོར་གྱི་མི་རྣམས་རྒྱ་གར་ལ་ཡུལ་སྐོར་བྱེད་ཚད་ཀྱང་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད་པ་རེད། 

མ་ཟིན། ཌག་ཌར་ར་ཧུལ་མི་ཤྲ།