ཚན་རིག་གི་བར་བཞུགས་ཐོག་ནས་གྲོང་གསེབ་དར་རྒྱས་ལ་དོ་སྣང་།

ཞིང་པ་དང་འཕྲུལ་ཆས་བཟོ་བསྐྲུན་བྱེད་མཁན་དབར་གྱི་བར་ཁྱད་དེ་ཁ་བསྐོང་ཆེད་ཚན་རིག་དང་ཚན་རྩལ་གྱི་ཐོག་ནས་གྲོང་གསེབ་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད་པ་དེ་བཞིན་ཞིང་ལས་སྡེ་ཚན་གྱི་ཡོང་འབབ་འཕར་སྣོན་ཆེད་སྲིད་གཞུང་གིས་དོ་སྣང་བྱེད་ས་གཙོ་བོ་དེ་ཆགས་ཡོད། ལོ་ཏོག་ཐོན་སྐྱེད་དང་། ཁྲོམ་རའི་འཇུག་སྒོ། གྲོང་གསེབ་འཚོ་ཐབས་སྣ་ཚོགས་རང་བཞིན་དུ་བསྒྱུར་རྒྱུ་བཅས་ཤུགས་སྐྱེད་བྱེད་པར་གསར་གཏོད་ལས་རིགས་མང་པོ་ཞིག་གིས་ཕན་ཐོགས་ཐུབ་ཡོད། འོན་ཀྱང་། ད་ལྟ་ཞིང་པ་དང་གསར་གཏོད་པ་རྣམས་ཀྱི་དབར་ལ་ཡོད་བཞིན་པའི་ཧེ་བག་དེའི་ཆ་ཤས་ཙམ་ཞིག་མ་གཏོགས་ཕན་ཐོགས་ཐུབ་པ་བྱུང་མེད་སྟབས་ཧེ་བག་དེ་དག་མེད་པ་བཟོ་དགོས་ཀྱི་ཡོད་པ་རེད། 

གནད་དོན་འདི་ཉིད་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཨེམ་ཝེན་ཀེ་ཤི་ནེ་ཌུ་མཆོག་གིས་ནན་བཤད་གནང་ཡོད། ཁོང་གིས་ཚན་རིག་སྡེ་ཁག་རྣམས་ལ་ཞིང་པ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་དང་། ལོ་ཏོག་ཐོན་སྐྱེད་ཡར་རྒྱས། ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ཀྱི་ཐོག་ལ་ཕུག་རྒྱང་རིང་པོར་ཕན་ཐོགས་ཡོད་པའི་ཐབས་ལམ་བཙལ་དགོས་པའི་སྐུལ་མ་ཞུས་ཡོད། ཁོང་གིས། རྒྱལ་ཁབ་ཀྱི་བདེ་སྡུག་ཆེད་དུ་ཞིང་པ་རྣམས་གནད་འགག་ཆེན་པོ་ཡིན། གང་ལགས་ཤེ་ན་ཁོ་ཚོས་རྒྱ་གར་རྒྱལ་ནང་དུ་སྐྱེ་བའི་ཟས་རིགས་རྣམས་རྒྱུན་སྐྱོང་ཆེད་ཆ་ཤས་ཆེན་པོ་ཞིག་བླངས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད། མ་ཟད་ཁོང་ནས་ཚན་རིག་པ་རྣམས་ཀྱི་ངོས་ནས་ལོ་ཏོག་རྣམས་གནམ་གཤིས་ཀྱི་གནོད་པ་མ་ཐེབས་པ་དང་། ཟས་བཅུད་ལྡང་ངེས་ཡོང་བ། ཆུ་བེད་སྤྱོད་ཉུང་བ་བཅས་ཡོང་རྒྱུའི་ཐབས་ལམ་འཚོལ་བསྒྲུབ་དགོས་པའི་སྐུལ་མ་ཞུས་ཡོད། 

གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་གནམ་གཤིས་འགྱུར་ལྡོག་རྣམས་ནི་ད་ལྟའི་ཆར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང་དེའི་དབང་གིས་གནམ་གཤིས་ཀྱི་བམ་རིམ་ཚོད་འགམ་མི་ཐུབ་པར་གྱུར་བ་དང་ཟས་རིགས་ཀྱི་བདེ་འཇགས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད། སྐུ་ཞབས་ནེ་ཌུ་མཆོག་ནས་རང་བྱུང་ཁམས་ཀྱི་འགྱུར་འགྲོས་ལ་རྟེན་ནས་ཞིང་པ་རྣམས་ལ་དཀའ་ངལ་ཇི་ལྟར་འཕྲད་ལུགས་ཚན་རིག་པའི་ས་ནས་ཤེས་འདོད་གནང་ཡོད་པ་རེད། 

ཆིག་སྒྲིལ་གྱི་འབད་བརྩོན་དགོས་པའི་སྐུལ་མ་ཞུས་པ་དང་ཆབས་གཅིག་སྐུ་ཞབས་ནེ་ཌུ་མཆོག་ནས་ཐོན་སྐྱེད་མ་བྱེད་གོང་ནས་ཐོན་སྐྱེད་བྱེད་པའི་བར་གྱི་བརྒྱུད་རིམ་ཆ་ཚང་ནང་གི་སྤུས་ཚད་དང་འབོར་ཚད་གཉིས་ཀ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་ཞུས་ཡོད། 

གནད་དོན་དེ་གཙོ་བོར་བཟུང་ནས་བྷོང་ལོར་དུ་རྒྱ་གར་གྱི་ཚན་རིག་ལྷན་ཚོགས་ཐེངས་ ༡༠༧ པའི་ཆ་ཤས་སུ་ཞིང་པ་ལྟེ་བ་བྱས་པའི་ཞིང་པའི་ཚན་རིག་གི་ལྷན་ཚོགས་ཤིག་ཆེས་ཐོག་མར་གོ་སྒྲིག་ཞུས་ཡོད་པ་དེ་བཞིན་ཞིང་པའི་སྡེ་ཁག་ལ་སྐུལ་བཅག་ཆེན་པོ་ཞིག་ཆགས་ཡོད། དེ་ལྟའི་སྡིང་ཆ་ཁག་གི་ཐོག་ནས་ཞིང་པ་རྣམས་ལ་ཁེ་ཕན་ཆེན་པོ་ཐོབ་རྒྱུ་ཡོད་པ་ནི་ཚན་རིག་པ་དང་ཞིང་པའི་དབར་བགྲོ་གླེང་གནང་བ་ལས་གསར་གཏོད་རྣམས་ཚད་གཞི་མཐོ་སར་སླེབས་ཐུབ་རྒྱུ་ཡིན་པ་དང་སྤྱི་ཡོངས་ནས་མི་དམངས་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད། ཞིང་པའི་ཚན་རིག་ལྷན་ཚོགས་སུ་མཉམ་བཞུགས་ཆེད་རྒྱ་གར་ཁྱོན་ཡོངས་ནས་གསར་གཏོད་རྣམ་པ་ཅན་གྱི་ཞིང་པ་ ༡༢༠ སྐོར་ཞིག་མགྲོན་འབོད་བྱས་ཡོད་པ་དང་ཁོ་ཚོས་རང་ཉིད་ཀྱི་གསར་གཏོད་འགྲེམས་སྟོན་གནང་ཡོད། 

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་ནས་ཀྱང་དུས་སྐབས་སྣ་ཚོགས་སུ་ཞིང་ལས་ལ་ཕན་ཐོགས་ཡོད་པའི་ཚན་རྩལ་གསར་བརྗེ་བྱེད་དགོས་པའི་ནན་བཤད་གནང་ཡོད། རྒྱ་གར་གྱི་འཕེལ་རྒྱས་མྱུར་ཚད་ཇི་ཆེར་འགྲོ་རྒྱུར་འགོ་འཁྲིད་ཆེད་ཚན་རིག་པ་རྣམས་ནས་གསར་གཏོད་དང་། ཐོན་སྐྱེད། དར་རྒྱས་བཅས་བྱེད་དགོས་པའི་སྐུལ་བཅག་བྱེད་པའི་ཐོག་ནས་རྩ་གསོག་མེར་བསྲེག་དང་། ཆུ་དང་འབུ་སྨན། རྫས་ལུད་བཅས་བེད་སྤྱོད་བྱེད་སྟངས་ཀྱི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་བཙལ་བསྒྲུབ་བྱེད་དགོས་པའི་སྐུལ་མ་བྱས་ཡོད། 

སྲིད་བློན་མཆོག་ནས་ན་གཞོན་ཚན་རིག་པ་རྣམས་ལ་གྲོང་གསེབ་ཡར་རྒྱས་ཀྱི་ཁྱབ་ཁོངས་ནས་ལས་ཀ་བེད་དགོས་པའི་སྐུལ་ཞུས་ཡོད་པ་དང་ཁྱབ་ཁོངས་དེའི་ནང་གི་གོ་སྐབས་ཁག་གཅིག་གོང་ཆུང་བ་དང་གསར་གཏོད་ཀྱི་རྣམ་པ་ཆེ་བ་ཡོད་པ་རེད། ཁོང་ནས། སྲིད་གཞུང་གི་ལས་གཞི་དོན་གཉེར་ཆེ་བའི་མི་དམངས་ལ་སྙོག་ཐུབ་པ་དེ་ཚན་རིག་དང་ཚན་རྩལ་གྱི་བཀའ་དྲིན་རེད་ཅེས་གསུངས་ཡོད། 

རྒྱ་གར་འདི་བཞིན་འཛམ་གླིང་ནང་ནསཤིང་འབྲས་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་ཨང་གཉིས་པ་ཡིན་པ་རེད། ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ་ ༢༩༡༨-༡༩ ལོའི་ནང་ཤིང་འབྲས་ཊོན་ས་ཡ་ ༣༡༤ ཐོན་སྐྱེད་བྱས་ཡོད་པ་རེད། 

དངུལ་རྩིས་ལོ་ ༡༨ པའི་ནང་ཞིང་ལས་ཁྱོན་ཡོངས་ཀྱི་ཕྱིར་ཚོང་ལ་འཕེལ་རྒྱས་བརྒྱ་ཆ་ ༡༦.༤༥ བྱུང་ཡོད་པ་དེ་ཨ་སྒོར་ཐེར་འབུམ་ ༣༨.༢༡ ཟིན་ཡོད། དངུལ་རྩིས་ལོ་ ༡༩ པའི་ཞིང་ལས་ཐོན་སྐྱེད་ཕྱིར་ཚོང་དེ་ཨ་སྒོར་ཐེར་འབུམ་ ༣༨.༥༤ ཟིན་ཡོད། རྒྱ་གར་འདི་ཉིད་འཛམ་གླིང་ནང་ས་སྨན་སྣ་ཐོན་སྐྱེད་བྱེད་མཁན་དང་ལོངས་སྤྱོད་བྱེད་མཁན། ཕྱིར་ཚོང་བྱེད་མཁན་བཅས་ཆེ་ཤོས་དེ་ཡིན་པ་རེད།

མ་ཟིན། བྷི་མན་བ་སུ། ཚན་རིག་དཔྱད་ཞིབ་པ།