ཨ་རི་དང་ཨི་རན་གྱི་འགལ་ཟླ། རྒྱ་གར་གྱིས་གདོང་ཐུག་མཚམས་འཇོག་གི་འབོད་སྐུལ།

ཨ་རིས་ཕྱོགས་གཅིག་པའི་ཐག་གཅོད་ཀྱི་ཐོག་ནས་བྷག་ཌཏ་གནམ་ཐང་དུ་ཨི་རན་གྱི་དམག་དཔོན་མཐོ་གྲས་ཁ་སེམ་སོ་ལེ་མ་ནི་བསད་པ་དེས་མངའ་ཁུལ་ནང་བརྟན་ལྷིིང་ཛ་དྲག་ཆེ་རུ་བཏང་ཡོད། རྒོལ་རྡུང་དེའི་དབང་གིས་ཨི་རན་ནང་མི་དམངས་ཀྱིས་ཨ་རིར་འཛིན་པའི་བསམ་ཚུལ་ཇི་སྡུག་ཏུ་ཕྱིན་པ་དང་ཨ་རི་དང་ཨི་རན་གཉིས་དབར་ལ་གྲོས་མོལ་གྱི་གོ་སྐབས་ཀྱང་དེ་བས་མེད་པ་བཟོས་ཡོད། ཊྲམ་སྲིད་གཞུང་གི་དམིགས་ཡུལ་གཉིས་དང་འབྲེལ་བ་ཡོད་པ་ནི་དཀྱིལ་ཤར་ཨེ་ཤི་ཡ་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་ཨི་རན་དེ་ཉིད་ཉིང་རྡུལ་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཞིག་ཆགས་རྒྱུར་བཀག་འགོག་བྱ་རྒྱུ་བཅས་ཡིན་པ་རེད། སྔོན་ཚུད་ནས་གསལ་བསྒྲགས་མ་བྱེད་པའི་ཨ་རིའི་ཕྱོགས་གཅིག་པའི་ཐག་གཅོད་དེས་གྷལ་ཕ་ནང་ཡོད་པའི་ཨ་རིའི་མཐུན་གྲོགས་རྣམས་ལ་སེམས་ཁྲལ་བཟོས་ཡོད། 

ཨ་རིའི་རྒོལ་རྡུང་དེར་འཁོན་ལན་ཆེད་ཨི་རན་གྱིས་ཨི་རག་ནང་ཡོད་པའི་ཨ་རིའི་གནམ་དམག་རྟེན་གཟི་ཁག་ལ་གཏོར་རྒོལ་བྱས་ཡོད། ཏེཧ་རན་གྱིས་བཤད་པར་གཞིགས་ནས་དམག་དཔོན་སོ་ལེ་མ་ནི་དེ་ཉིད་དམག་དོན་དཔོན་པོ་ཞིག་ཡིན་སྟབས་ཁོ་ཚོས་དམག་དོན་དམེགས་འབེན་ཞིག་ལ་འཁོན་ལན་སློག་ཡོད་སྐོར་བཤད་ཡོད། ཨལ་ཨ་སད་དང་ཨེར་བྷིལ་གནམ་དམག་རྟེན་གཞི་ཁག་ཏུ་ཨ་རི་དང་ཨི་རག་གི་དམག་མི་སུ་གང་ལའང་རྨས་སྐྱོན་བྱུང་མེད་པ་རེད། གཏོར་རྒོལ་དེར་ཡ་ལན་ཆེད་ཨ་རིའི་སྲིད་འཛིན་ཊྲམ་གྱིས་ཨ་རིའི་ངོས་ནས་ཏེཧ་རན་ལ་གཏོར་རྒོལ་བྱ་རྒྱུ་མིན་པའི་གོ་བརྡ་ཞིག་སྤྲད་ཡོད། བྱ་སྤྱོད་འདི་བཞིན་འགལ་ཟླ་དེ་ཞི་འཇམ་དུ་གཏོང་རྒྱུའི་གོམ་སྟབས་ཤིག་ཏུ་མཐོང་གི་ཡོད། ཨི་རན་གི་ངོས་ནས་ཀྱང་ད་དུང་བྱ་སྤྱོད་རིགས་སྤེལ་རྒྱུ་མིན་པའི་གོ་བརྡ་ཞིག་སྤྲད་ཡོད།

སྐད་ཆ་དེ་ལྟར་བཤད་མིན་པ་མ་ལྟོས་པར་མངའ་ཁུལ་དེའི་ནང་གི་སེམས་འཚབ་སྔར་བཞིན་ཆེན་པོར་གནས་ཡོད། རྒྱལ་ཁབ་གཉིས་དབར་མུ་མཐུད་གདོང་ཐུག་བྱས་པ་དེས་གྲུ་གཟིངས་རྣམས་ཀྱི་འགན་བཅོལ་གོང་ཚད་ཚུད་པའི་ནུས་ཤུགས་ཀྱི་གོང་ཚད་དང་མཚོ་ཐོག་སྐྱེལ་འདྲེན་བཅས་ལ་ཐད་ཀར་ཤུགས་རྐྱེན་བཟོ་ངེས་རེད། རྒྱ་གར་གྱིས་ཨི་རན་ནས་སྣུམ་ནང་འདྲེན་བྱེད་ཀྱི་མེད་ཀྱང་དྷི་ལི་གསར་པའི་ངོས་ནས་གྷལ་ཕ་མངའ་ཁུལ་ནང་ནུས་ཤུགས་ཀྱི་དགོས་མཁོ་བརྒྱ་ཆ་ ༨༠ ནང་འདྲེན་བྱེད་ཀྱི་ཡོད་པ་རེད། དྲག་སྤྱོད་དེ་དག་ལ་རྟེན་ནས་ནུས་ཤུགས་ཀྱི་གོང་ཚད་ལ་འཕར་ཆ་ཡོང་སྲིད་པ་རེད། མ་ཟད་སྐྱེལ་འདྲེན་གྲུ་གཟིངས་ཀྱི་འན་བཅོལ་དང་སྐྱེལ་འདྲེན་བཅས་ཀྱི་འགྲོ་སོང་ལ་འཕར་ཆ་ཡོང་སྲིད་པ་རེད། ད་ལྟའི་དུས་སྐབས་ལ་ནུས་ཤུགས་གོང་ཚད་ལ་འཕར་ཆ་བྱུང་ཚེ་རྒྱ་གར་གྱི་དཔལ་འབྱོར་ལ་བར་ཆད་ཆེན་པོ་ཞིག་ཆགས་སྲིད། སྐྱེལ་འདྲེན་གྲུ་གཟིངས་ལ་གཏོར་རྒོལ་བྱེད་སྲིད་པར་རྟེན་རྒྱ་གར་གྱིས་གྷལ་ཕ་མཚོ་ཁར་སྣུམ་སྐྱེལ་འདྲེན་བྱེད་མཁན་གྲུ་གཟིངས་སྲུང་སྐྱོབ་ཆེད་མཚོ་དམག་རུ་ཁག་མངགས་གཏོང་གནང་ཡོད། 

སྣུམ་ཕུད་པའི་དེ་མིན་འཕུར་མདེལ་གྱི་གཏོར་རྒོལ་ལ་རྟེན་ནས་ཨ་རབ་རྒྱལ་ཁབ་ཁག་གི་ནང་ཚོང་ལས་དང་ཞབས་ཞུའི་ལས་ཀ་བྱེད་བཞིན་པའི་རྒྱལ་གར་མི་རིགས་རྣམས་ལ་ཉེན་ཁ་ཆེན་པོ་འཕྲད་སྲིད་པ་རེད། ཚོད་དཔག་བྱས་པ་ལྟར་ན་མངའ་ཁུལ་དེའི་ནང་གནས་སྡོད་བྱེད་མཁན་རྒྱ་གར་མི་རིགས་ས་ཡ་ ༨ མ་ཟིན་ཙམ་ཡོད་པ་དང་ཁོ་ཚོས་ཕྱིར་རང་ཁྱིམ་དུ་ཨ་སྒོར་ཐེར་འབུམ་ ༤༠ མ་ཟིན་ཙམ་ཞིག་གཏང་གི་ཡོད་པ་རེད། ཕྱི་སྡོད་རྒྱ་གར་མི་རིགས་རྣམས་ཀྱི་བདེ་འཇགས་དེ་བཞིན་དྷི་ལི་གསར་པས་སེམས་འཚབ་བྱེད་ས་གཟཙོ་བོ་དེ་ཡིན་པ་རེད། འདས་པའི་དུས་ཚོད་ནང་དྷི་ལི་གསར་པས་མངའ་ཁུལ་དེའི་འགལ་ཟླའི་ས་ཁུལ་ནས་རྒྱ་གར་མི་རིགས་རྣམས་མྱུར་སྐྱོབ་བྱས་ཡོད། 

ཤུགས་རྐྱེན་ཆེ་བ་གསུམ་པ་དེ་བཞིན་མངའ་ཁུལ་དེའི་རྒྱལ་ཁབ་རྣམས་དང་རྒྱལ་གར་དབར་གྱི་ཚོང་ལས་ཉམ་ཞན་དུ་འགྲོ་སྲིད་པ་དེ་རེད། རྒྱ་གར་གྱིས་རྒྱ་བསྐྱེད་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་འབྲེལ་ལམ་ཤུགས་ཆེ་རུ་གཏང་རྒྱུའི་སྲིད་བྱུས་ཤིག་རྒྱུན་སྐྱོང་བྱེད་བཞིན་ཡོད། དེར་རྟེན་རྒྱ་གར་གྱིས་མངའ་ཁུལ་དེའི་ནང་གི་རྒྱལ་ཁབ་ཨོ་མན་དང་། སའོ་དི་ཨ་རཱ་བྷི་ཡ། ཡུ་ཨེ་ཨི་ལྟ་བུ་རྣམས་དང་ལྷན་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཤུགས་ཆེ་རུ་བཏང་ཡོད། འགལ་ཟླ་ཤུགས་ཆེ་རུ་ཕྱིན་ཚེ་འབྲེལ་ལམ་འདི་དག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་ངེས་རེད།

དེར་རྟེན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིང་མཆོག་གིས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མག་ཊི་ཨེ་སི་པར་ལགས་དང་བཀའ་མོལ་གནང་ཡོད། བློན་ཆེན་རྣམ་གཉིས་ནས་གྷལ་ཕ་མངའ་ཁུལ་ནང་བྱུང་བཞིན་པའི་བདེ་འཇགས་ཀྱི་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད། སྐུ་ཞབས་རཱཇ་ནཱཐ་སིང་མཆོག་གིས་རྒྱལ་སྲུང་དྲུང་ཆེ་ཨི་སི་པར་མཆོག་ལ་གྷལ་ཕ་མངའ་ཁུལ་ནང་རྒྱ་གར་གྱི་ཁེ་ཕན་དང་འགན་བབ་ཇི་ཡོད་སྐོར་དང་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་དྷི་ལི་གསར་པས་སེམས་འཚབ་ཇི་ཙམ་བཟོ་མིན་བཅས་ཀྱི་སྐོར་གསུངས་གནང་ཡོད། ཁོང་རྣམ་གཉིས་ནས་རྒྱལ་སྲུང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཟུང་རྒྱུའི་ཐག་གཅོད་གནང་ཡོད། སྐུ་ཞབས་ཨི་སི་པར་མཆོག་གིས་ཀྱང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལ་ཉེ་བའི་ཆར་གྷལ་ཕ་མངའ་ཁུལ་ནང་གནས་ཚུལ་ཇི་བྱུང་སྐོར་གསུངས་གནང་ཡོད། རྒྱ་གར་གྱིས་མངའ་ཁུལ་དེ་དང་འབྲེལ་བའི་རང་ཉིད་ཀྱི་ཁེ་ཕན་དང་སེམས་འཚབ་རྣམས་གསལ་འདོན་བྱས་ཡོད། 

ཐབས་བྱུས་རང་བཞིན་གྱི་ཆ་བྷ་ཧར་གྲུ་ཚིགས་འཛུགས་བསྐྲུན་ཐོག་རྒྱ་གར་འདི་ཉིད་ཨི་རན་གྱི་ཟླ་གྲོགས་ཤིག་ཀྱང་ཡིན་པ་དང་གྲུ་ཚིགས་དེ་བཞིན་རྒྱ་གར་གྱིས་པ་ཀི་སི་ཏན་བརྒྱུད་མི་དགོས་པར་ཨབ་གྷ་ནི་སི་ཏན་དང་དཀྱིལ་ཤར་ཨེ་ཤི་ཡར་འབྲེལ་བ་བྱེད་སའི་བརྒྱུད་ལམ་གལ་ཆེན་ཞིག་ཆགས་ཡོད། ཨི་རན་ལ་ཉེས་ཆས་ཕོག་པའི་རྐྱེན་གྱིས་རྒྱ་གར་གྱི་ཀམ་པ་ནི་རྣམས་ནས་མ་འཇོག་བྱ་རྒྱུར་བར་ཆད་བཟོས་ཡོད་པ་དང་བརྟན་ལྷིང་མེད་པ་འདིས་གྲུ་ཚིགས་ལ་མ་འཇོག་ཡོང་རྒྱུར་མུ་མཐུད་ཉམ་ཞན་དུ་གཏོང་རྒྱུ་རེད།  གྲུ་ཚིགས་འདི་བཞིན་རྒྱལ་གར་གྱིས་མངའ་ཁུལ་དེར་འབྲེལ་མཐུད་ཀྱི་ལས་འཆར་ཁྱབ་ཇི་ཆེ་སྤེལ་རྒྱུད་གནད་འགག་ཆེན་པོ་ཆགས་ཡོད། 

རྒྱ་གར་གྱིས་འགྱུར་འགྲོས་འདི་དག་ལ་སོ་ལྟ་གཟབ་ནན་བྱེད་དགོས་ཀྱི་ཡོད་པ་དང་འགལ་ཟླ་མཚམས་འཇོག་ཆེད་ཕྱོགས་མང་གི་འབད་བརྩོན་ལ་སྐུལ་ཅག་བྱེད་དགོས་པ་རེད། 

མ་ཟིན། ཌག་ཌར་སྟུ་ཏི་བྷ་ནར་ཇི།