ཤྲིལངྐའི་ཕྱི་སྲིད་བློན་ཆེན་མཆོག་གི་རྒྱ་གར་མཚམས་གཟིགས་ཐོག་མ།

ཤྲིལངྐའི་ཕྱི་འབྲེལ། སྒྱུ་རྩལ་འཕེལ་རྒྱས། ལས་ཀ་བཀོད་འཇུག་དང་ངལ་རྩོལ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་དྷི་ནེཤ་གུ་ནཱ་ཝར་དྷ་ན་མཆོག་གིས་གཞུང་འབྲེལ་ཕྱིར་བསྐྱོད་མཚམས་གཟིགས་ཐོག་མ་རྒྱ་གར་ཕེབས་འདུག། ཕྱི་སྲིད་བློན་ཆེན་མཆོག་གི་ལྷན་དུ་གཞུང་འབྲེལ་ཆེས་མཐོའི་མི་སྣ་བཞིའི་རུ་ཁག་མཉམ་ཕེབས་གནང་འདུག། ད་ལན་གྱི་རྒྱ་གར་གཟིགས་སྐོར་དེ་ནི་སྔར་ལོ་༢༠༡༩ ལོའི་ཟླ་བ་བཅུ་གཅིག་པར་ཤྲིལངྐ་ཡི་སྲིད་འཛིན་གྷོ་ཏ་བྷ་ཡ་ར་ཇ་པཀ་སཱ་མཆོག་གི་རྒྱ་གར་མཚམས་གཟིགས་ཀྱི་རྒྱུན་མཐུད་ཡིན་འདུག། ད་ལན་གྱི་གཟིགས་སྐོར་སྐབས་སྐུ་ཞབས་གུ་ནཱ་ཝར་དྷ་ན་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་འབུམ་རམ་པ་ཨེས་ཇེ་ཤན་ཀར་དང་སྒྱུ་རྩལ་འཕེལ་རྒྱས་དང་ཁེ་ལས་བློན་ཆེན་སྐུ་ཞབ་མཱ་ཧིན་དྷར་ནཐ་པན་ཌེ་དང་རྒྱ་གར་ངལ་རྩོལ་དང་ལས་ཀ་བཀོད་འཇུག་བློན་ཆེན་སྐུ་ཞབས་སན་ཏོཤ་ཀུ་མར་གྷང་ཝར་བཅས་ལྷན་དུ་ཆེས་མཐོའི་གྲོས་མོལ་གནང་འདུག། ཤྲི་ལངྐའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་ཁང་གི་ལྷན་ཚོགས་ FICCI ཀྱི་ཚོགས་མི་ལ་གཏཀ་བཤད་ཡང་གནང་འདུག། བློན་ཆེན་མཆོག་གིས་རྒྱལ་ས་ལྡི་ལིར་བརྟེན་གཞི་ཆག་པའི་མང་ཚོགས་ཁེ་ཕན་གྱི་ཉམས་ཞིབ་དང་ཞུ་གཏུག་ཚོགས་པ་ཚན་རིག་དང་ཁོར་ཡུག་བལྟི་གནས་ཁང་ལ་ལྟ་སྐོར་དུ་ཕེབས་འདུག།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་འབུམ་རམ་པ་ཨེས་ཇེ་ཤན་ཀར་མཆོག་གི་གོ་སྒྲིག་གནང་བའི་ཆེས་མཐོའི་གྲོས་མོལ་སྐབས་བློན་ཆེན་རྣམ་གཉིས་ཀྱིསམ་འཛུགས། རྒྱལ་སྲུང། ཉ་ཚོང། འཕེལ་རྒྱས་རོགས་སྐྱོར་དང་ད་ལྟ་འགྲོ་བཞིན་པའི་ལས་འཆར་ཁག། ཡུལ་སྐོར་སྤྲོ་ཆམ། ཤེས་ཡོན་དང་རིག་གཞུང་མཐུན་འགྱུར་བཅས་ངོས་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་ཡོངས་སུ་རྫོགས་པའི་ཐད་གླེང་མོལ་གནང་ཞིང་རྒྱ་གར་དང་ཤྲིལངྐ་གཉིས་བར་གྱི་ཐག་ཉེ་དང་གྲོགས་ཕྱོགས་ཀྱི་འབྲེལ་ལམ་ད་དུང་གོང་འཕེལ་གཏོང་བའི་ཐབས་ལམ་མྱུལ་ཞིབ་གནང་འདུག། ཤྲིལངྐའི་ཕྱི་སྲིད་བློན་ཆེན་མཆོག་གིས་སྲིད་འཛོན་ར་ཇ་པཀ་སཱ་མཆོག་གི་རྒྱ་གར་གཟིགས་སྐོར་ཐོག་མ་སྐབས་རྨང་གཞི་སྟིང་བ་རྣམས་སྙིང་བསྡུས་བརྗོད་དེ་སྒྱུ་རྩལ་འཕེལ་རྒྱས། ལས་རིགས་སྦྱོང་བསྡར་དང་ འཇོན་ཐང་གོང་འཕེལ་ཐོག་རྒྱ་གར་གྱི་་དམིགས་བསལ་རོགས་སྐྱོར་དོ་སྣངསླང་ཞིང་རྒྱ་གར་ལྷན་དུ་མཐུན་འགྱུར་མཉམ་ལས་ཀྱི་གནད་དོན་གསར་པ་འཚོལ་ཞིབ་གནང་བར་འབོད་འདུག། སྐུ་ཞབས་ཇེ་ཤན་ཀར་མཆོག་གིས་ཤྲིལངྐའི་དགོས་གལ་བལྟར་རྒྱ་གར་གྱི་རོགས་སྐྱོར་ཆ་ཚང་གནང་བའི་ཡིད་ཆེས་སྤྲོད་འདུག། ངོས་གཉིས་ཀྱི་སེཀ་ཊར་དེའི་ཐད་གྲོས་མཐུན་ MoU མུ་མཐུད་མཚན་རྟགས་གནང་བ་ཞིབ་ཏུ་བལྟ་བཞིན་ཡོད། བློན་ཆེན་རྣམས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཕན་ཚུན་ཁེ་ཕན་ལྡན་པའི་གནད་དོན་མངའ་ཁུལ་དང་རྒྱལ་སྤྱི་དེ་བཞིན་གནམ་གཤིས་འགྱུརལྡོག་དང་འཇིག་སྐུལ་དྲག་སྤྱོད་ལྡོག་ཐབས་སྐོར་བསམ་ཚུལ་བརྗེ་ལེན་གནང་འདུག།

འབུམ་རམ་ལ་ཇེ་ཤན་ཀར་མཆོག་གིས་ཤྲིལངྐའི་སྲིད་འཛིན་གྷོ་ཏ་བྷ་ཡ་མཆོག་གིས་ཤྲིལངྐའི་འཛིན་བཟུང་དོ་དམ་འོག་གནས་པའི་རྒྱ་གར་གྱི་ཉ་པ་༡༥ དང་གྲུ་༥༢ གློད་གྲོལ་གཏོང་རྒྱུའི་གསལ་བསྒྲགས་ཀྱི་མམལས་གཞི་མདུན་བསྐྱོད་ཉམས་ཞིབ་གནང་འདུག། ཤྲིལངྐས་རྒྱ་གེ་གྱི་ཉ་པ་དང་གྲུ་གློད་གྲོལ་གྱི་་ལས་གཞི་འགོ་ཚུགས་ཡོད་པ་འགྲེལ་བརྗོད་གནང་འདུག། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་བཞིན་རྒྱ་གར་དུ་ཤྲིལངྐའི་སྐྱབས་བཅོལ་བ་གནས་སྡོད་པ་རྣམས་རང་ཡུལ་དུ་ཕྱིར་སློག་གཏོང་རྒྱུའི་ཐད་གོ་བསྡུར་བྱུང་འདུག། ཤྲིལངྐའི་ཕྱི་སྲིད་བློན་ཆེན་གུ་ན་ཝར་ཌ་ན་མཆོག་རང་ཡུལ་ལོག་ཕེབས་སྟེ་གསར་འགོད་ལྷན་ཚོགས་སུ་ཤྲིལངྐའི་གཞུང་གིས་རྒྱ་གར་དུ་གནས་སྡོད་ཤྲིལངྐའི་སྐྱབས་བཅོལ་བ་༣༠༠༠ མ་ཟིན་རྣམས་རང་ཡུལ་ཕྱིར་སློག་འདོད་པ་རྣམས་ལ་ཤྲིལངྐར་དགོས་ངེས་མཐུན་རྐྱེན་སྦྱོར་རྒྱུའི་གོ་སྒྲིག་གནང་བཞིན་ཡོད་པ་གསལ་བསྒྲགས་གནང་འདུག། རང་ཡུལ་དུ་ཕྱིར་སློག་ཡོངས་མཁན་གྱི་ཤྲིལངྐའི་སྐྱབས་བཅོལ་བའི་སྡེ་ཚན་དང་པོ་ཕྱི་ཟླ་གཉིས་པར་ཡོངས་རྒྱུ་ཡིན་འདུག། ཕྱིར་སློག་ཡོངས་མཁན་གྱི་ངོ་བོ་ར་སྤྲོད་ཞུ་ཏག་བྱུང་རྗེས་མཚོ་གླིང་རྒྱལ་ཁབ་ཀྱི་བྱང་ཕྱོགས་དང་ཤར་ཕྱོགས་གཉིས་སུ་རང་ས་ངོ་མར་བསྐྱར་དུ་གཞིས་ཆགས་ནཟོས་སྟེ་དགོས་ངེས་མཐུན་རྐྱེན་རོགས་སྐྱོར་གནང་རྒྱི་ཡིན་པ་བློན་ཆེན་མཆོག་གིས་འགྲེལ་བརྗོད་གནང་འདུག། དོ་སྣང་བྱེད་དགོས་པའི་གནས་ཆུལ་ཞིག་ཏུ་རྒྱལ་ཁབ་གཉིས་ཀྱིས་ལོ་མང་ནས་རྒྱ་གར་དུ་གནས་སྡོད་ཤྲིལངྐའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ཕྱོར་སློག་ཐད་གོ་བསྡུར་གནང་ཡོད། ད་བར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྭང་བླངས་ཐོག་རང་ཡུལ་དུ་ཕྱིར་སློག་ཕེབས་མཁན་རྣམས་ལ་འཆར་སྒྲིག་རོགས་སྐྱོར་གནང་ཡོད།ཤྲིལངྐའི་གཞུང་གི་རོགས་སྐྱོར་བྲལ་བ་དང་ས་དངོས་སུ་བསྐྱར་དུ་གཞིས་ཆགས་ཡོངས་བར་མཐུན་རྐྱེན་མེད་པའི་རྐྱེན་གྱིས་མང་པོས་རང་ཡུལ་དུ་ཕྱིར་སློག་ཁས་ལེན་བྱས་མེད། སྐབས་དོན་གྱི་གནད་དོན་ཐད་སྐུ་ཞབས་གུ་ན་ཝར་དྷ་ན་མཆོག་གིས་གསར་འགོད་གསལ་བསྒྲགས་ནི་དགའ་བསུ་ཞུས་འོས་པའི་གནས་སྟངས་ཞིག་ཡིན་འདུག།

རྒྱ་གར་དང་ཤྲིལངྐའི་གཉིས་བར་མཛའ་མཐུན་གྱི་འབྲེལ་ལམ་རྐྱེན་པས་ངོས་གཉིས་བར་ཉེན་སྲུང། ཡུལ་སྐོར་སྤྲོ་འཆམ། རིག་གཞུང། ཤེས་ཡོན། སྒྱུ་རྩལ་འཕེལ་རྒྱས། ལག་ཤེས་འཇོན་ཐང་གོང་འཕེལ་དང་རྨང་གཞིའི་འཛུགས་བསྐྲུན་ཐད་འབྲེལ་ལམ་ཤེད་ཤུགས་ཆེན་པོ་ཡོད། གང་ལྟར་ཡང་རྒྱལ་ཕྱོགས་གཉིས་བར་ཉ་ཚོང་དང་རྒྱ་གར་གྱིས་སྦྱིན་བདག་གབང་བའི་ལས་གཞིར་སེམས་འཚམ་ཁ་ཤས་ཡོད་འདུག།སེམས་འཚམ་ཁ་ཅིག་རྣམས་གནས་སྔ་མོ་ནས་ངོས་འཛིན་བྱེད་ཡང་གནད་དོན་དེས་རྒྱལ་འབྲེལ་གོང་འཕེལ་དུ་འགེག་བྱེད་བཞིན་ཡོད། ཤྲིལངྐའི་སྲིད་འཛིན་སྐུ་ཞབས་དྷི་ནེཤ་གུ་ན་ཝར་ཌ་ན་མཆོག་གིས་ལོ་སྔོན་རྒྱ་གར་གཟིགས་སྐོར་ནས་འགོ་འཛུགས་བྱུང་བའི་ངོས་གཉིས་བར་གྱི་ཆེས་མཐོའི་གྲོས་མོལ་གྱི་ཕྱོགས་གཉིས་བར་གྱི་ད་ལྟ་ཡོད་བཞིན་འབྲེལ་ལམ་གཏིང་ཟབ་གཏོང་ནུས་པ་མ་ཟད་འགེག་བར་ཆད་ཆ་ཚང་སེལ་ཐུབ་པའི་ཚང་མས་ཡིད་ཆེས་བྱེད་དོ།