བལ་ཡུལ་གྱིས་ཀ་ལ་ཕ་ནི་ཐད་རྙོག་དྲ་ཟིང་སློང་བྱས་པ།

རྒྱ་གར་གྱི་བྱང་ Uttarakhand མངའ་སྡེའི Pithoragarh ཁུལ་དང་བལ་ཡུལ་གྱི་རྒྱང་རིང་ནུབ་རྒྱུད་ས་ཁུལ་གྱི Dharchula ཁུལ་རྒྱ་གར། བལ་ཡུལ་དང་རྒྱ་ནག་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་ཀྱི་ཀ་ལ་ཕ་ནིའི་མངའ་ཁོངས་ས་ཆའི་རྩོད་གཞིའི་གནད་དོན་ཐད་བལ་ཡུལ་དུ་སྐབས་ཤིག་རིང་དམག་འཁྲུག་ལ་ལྟ་སྟངས་འཛིན་མྱོང་ཡོད། ཟླ་5ཚེས་20ཉིན་བལ་ཡུལ་དམར་ཤོག་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཧི་མ་ལ་ཡའི་རྒྱལ་ཁབ་ཀྱི་ས་བཀྲ་གསར་པའི་ཐད་རྩོད་གཞི་གསར་པ་ཐོན་ཡོད་པ་རེད། 

ཉིན་གཉིས་ཀྱི་སྔོན་ལ་བལ་ཡུལ་གྱི་སྲིད་བློན་ K.P. Sharma Oli ཡི་བཀའ་ཤག་གིས་ཆོག་མཆན་བཀོད་པའི་ས་ཁྲ་གསར་པ་དེ་ Kalapani དང། Limpiyadhura གཞན་ཡང་ Lipulekh ཀྱི་ས་ཁུལ་བལ་ཡུལ་མངའ་ཁོངས་ཡིན་པ་སྟོན་ཡོད། འོན་ཀྱང་རྡི་ལི་གསར་པར་ Jammu དང་། Kashmir ཡང་Ladakh དབུས་གཞུང་ཐད་གཏོགས་མངའ་ཁུལ་དུ་བསྐྱར་སྒྲིག་བྱས་རྗེས་2019ལོའི་ཟླ་11ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་ས་བཀྲའི་ནང་ས་ཁུལ་དེ་དག་ནི་རྒྱ་གར་གྱི་བདག་དབང་མངའ་ཁོངས་ཀྱི་ཆ་ཤས་ཡིན་གསལ་ཡོད། 

རྒྱ་གར་དང་བལ་ཡུལ་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་སྤྱི་ཚོགས་དང་རིག་གནས་དང་དཔལ་འབྱོར་གྱི་འབྲེལ་ཐག་བརྟན་པོ་ཡོད། བལ་ཡུལ་དུ་རི་བོ་ཧི་མ་ལ་ཡའི་ས་ཁུལ་གྱི་ཀ་ལ་ཕ་ནི་ས་ཁུལ་ནས་ཐོན་པའི་ཀ་ལི་གཙང་པོའི་ཉེ་འགྲམ་གྱི་ས་ཆ་ཆུང་ཆུང་ཞིག་ལ་བདག་དབང་ཡོད་ཅེས་བརྗོད་པ་དང་རྩོད་གཞི་དེས་དུས་བབ་ཛ་དྲག་ཏུ་བཏང་་ཡོད།

དེའི་འབྱུང་ཁུངས་ནི་1816ལོའི་《Sagauli ཆིངས་ཡིག་》ཅེས་པ་དེ་ཡིན། བལ་ཡུལ་རྒྱལ་པོའི་རྒྱལ་ཁབ་དང་དབྱིན་ཇི་ཁོངས་གཏོགས་ཀྱི་རྒྱ་གར་ཤར་མའི་སྒྲིག་འཛུགས་དབར་1815ལོའི་ཟླ་12ཚེས་2ཉིན་མིང་རྟགས་བཀོད་པའི《Sagauli ཆིངས་ཡིག་》གི་དོན་ཚན་5པ་དང་ཆིངས་ཡིག་དེ་1816ལོའི་ཟླ་3པར་གཏན་ལ་འབབ་ཡོད་པ་དང་། ཀ་ལི་ཆུ་བོའི་ནུབ་ཀྱི་མངའ་ཁོངས་ས་ཆ་ཚང་མ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་དང་།ཤར་ངོས་ཀྱི་མངའ་ཁོངས་སྔར་བཞིན་བལ་ཡུལ་མངའ་ཁོངས་གནས་ཡོད།

དེར་བརྟེན་ཀ་ལི་གཙང་པོ་དེ་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་ཉེ་འགྲམ་གྱི་རྒྱ་གར་དང་། བལ་ཡུལ། རྒྱ་ནག་གི་འབྲེལ་མཚམས་གསུམ་དུ་གྱུར་ཡོད། གཞན་ཡང་རྒྱ་གར་དང་བལ་ཡུལ་གྱིས་ 1996ལོའི་ཟླ་2ཚེས་12ཉིན་མིང་རྟགས་བཀོད་པའི Tanakpur ཆུ་རགས་དང་ Pancheshwar གློག་ཤུགས་རྣམ་གྲངས་གསར་སྤེལ་བྱེད་པའི《Mahakali ཆིངས་ཡིག》གི་འགོ་བརྗོད་ནང“མ་ཧ་ཀ་ལི་ཆུ་བོ་ནི་རྒྱལ་ཁབ་གཉིས་པོའི་ཆུ་བོའི་དུམ་བུ་གཙོ་བོའི་ས་མཚམས་ཆུ་བོ་ཡིན་པ་ཁས་བླངས་ཡོད”ཅེས་འཁོད་ཡོད། ཆིངས་ཡིག་དེ་ནི་བལ་ཡུལ་གྱི་དམར་ཤོག་ཚོགས་པས་སྐབས་གསུམ་ཆ་གཉིས་ལྷག་ཙམ་གྱིས་མུས་འཐུན་དང་བཅས་པའི་བལ་ཡུལ་གྱི་ Nepali Congress སྲིད་གཞུང་གིས་རྒྱབ་སྐྱོར་དང་ཆོག་མཆན་སྤྲདཡོད་པ་ཞིག་རེད།

རྒྱ་གར་མངའ་ཁོངས་འོག་ལ་རྩོད་པ་ཡོད་པའི་ས་ཁུལ་ཅི་ཡང་མེད། རྒྱ་གར་མངའ་སྡེ་སྲིད་གཞུང་དང་དབུས་གཞུང་གིས་ས་ཞིང་བསྡུ་ལེན་བྱས་པའི་ཡོང་འབབ་དང་དེ་མིན་གྱི་ཁྲལ་བསྡུ་དང་།རྒྱ་གར་གྱི་བདེ་འཇགས་དཔུང་སྡེས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་བཅའ་སྲུང་བྱས་བཞིན་ཡོད། བལ་ཡུལ་གྱིས་དེ་སྔར་རྒྱ་གར་གྱིས་2019ལོའི་ཟླ་11པར་ཁྱབ་བསྒྲགས་བྱས་པའི་ས་བཀྲར་བསམ་འཆར་མི་འདྲ་བ་བཏོན་ཡོད། དེ་དུས་རྒྱ་གར་གཞུང་ཕྱོགས་ཀྱིས་ས་ཁྲ་དེས་རྒྱ་གར་གྱི་བདག་དབང་མངའ་ཁོངས་གནད་ལ་འཁེལ་བའི་སྒོ་ནས་བྲིས་ཡོད་ཅེས་གསལ་བཤད་བྱས་ཡོད། འོན་ཀྱང་བལ་ཡུལ་གྲོས་ཚོགས་ཐོག་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས་ཕྱི་འབྲེལ་དང་མཛའ་གྲོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་གར་དང་གནད་དོན་ཐག་གཅོད་བྱ་རྒྱུ་གཏན་འཁེལ་པ་རེད། རྒྱལ་ཁབ་གཉིས་པོས་ཕྱི་སྲིད་དྲུང་ཆེའི་རིམ་པའི་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས་ཀྱང་དངོས་སུ་འགྲུབ་ཐུབ་མེད།

ཟླ་འདིའི་ཚེས་8ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ Raj Nath Singh གྱིས་་རྒྱ་གར་དུ་བསྐྲུན་པའི་་ Uttarakhand མངའ་སྡེའི་  Pithoragarh རྫོང་སྡེའི་ Lipulekh དང་།  Dharchula གྲོང་རྡལ་གྱི་སྤྱི་ལེ་80ཟིན་པའི་གཞུང་ལམ་བསྐྲུན་རྒྱུའི་མཛད་སྒོ་གཉེར་བ་རེད། གཞུང་ལམ་དེ་བསྐྲུན་དོན་ནི་བོད་རང་སྐྱོང་ལྗོངས་ཀྱི་གྭངས་རིན་པོ་ཆེ་དང་མན་སའེ་ལུའོ་ཝའར་གྱི་ཚོང་དོན་དང་གནས་མཇལ་བར་སྟབས་བདེ་ཡོང་ཆེད་རེད།

གནད་དོན་འདིས་བལ་ཡུལ་གྱི་གཞུང་འཛིན་གྲོས་ཚོགས་མཐུས་མི་དད་ཕྱོགས་རྒལ་ཚོགས་པའི་མཐུས་མི་རྣམས་གཞན་ཡང་ཡུལ་མི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ་རེད། བལ་ཡུལ་གྱིས་ཀྱང་ཕྱི་འབྲེལ་ཐད་རྡི་ལི་གསར་པར་གནད་དོན་དེ་བཏོན་ཡོད། རྒྱ་གར་གྱིས་ནམ་ཞིག་ཏོད་དབྱིབས་རིམས་ནད་མཇུག་འགྲིལ་ཚེ་རྒྱ་གར་གྱིས་གནད་དོན་དེའི་ཐད་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད་ཡོད་པ་རེད། རྒྱལ་ཁབ་འདི་གཉིས་ལ་ནད་ཡམས་ཆེན་པོའི་འཇབ་རྒོལ་ཐེབས་ཡོད། དོན་དངོས་ཐོག་བལ་ཡུལ་དུ་ཏོག་དབྱིབས་ནད་དུག་བྱུང་སྐབས་རྒྱ་གར་གྱིས་རྒྱལ་ཁབ་དེར་རོགས་སྐྱོར་དངོས་ཟོག་དང་། སྨན་བཅོས་མཁོ་ཆས། སྨན་བཅོས་རུ་ཁག་ཅིག་བཅས་བཏང་ཡོད།

ཧང་སངས་དགོས་པ་ཞིག་ལ་བལ་ཡུལ་སྲིད་བློན་ K.P. Sharma Oli ཡིས་བལ་ཡུལ་གྲོས་ཚོགས་ཐོག་Limpiyadhura དང་། Kalapani ཡང་ Lipulekh བཅས་ནི་བལ་ཡུལ་གྱི་མངའ་ཁོངས་ཆ་ཤས་ཡིན་པ་དང་། ཁོ་ཚོས་རིན་དོད་གང་ལའང་མི་འཛེམས་པར་དེ་དག་ཚུར་འཕྲོག་གི་ཡིན་ཅེས་བཤད་ཡོད་པ་རེད། ཁོང་གིས་ཁོང་གི་སྲིད་གཞུང་གིས་གནད་དོན་དེའི་ཐད་རྒྱ་ནག་སྲིད་གཞུང་དང་འབྲེལ་གཏུག་བྱེད་བཞིན་ཡོད་ཅེས་ཀྱང་ཁ་གསལ་ཡོད། 

བལ་ཡུལ་གྱིས་སྐྱོན་འཛུགས་བྱས་པ་དེར་ རྒྱ་གར་གྱིས་དགག་པ་བརྒྱབ་པ་དང་འབྲེལ་བལ་ཡུལ་ལ་ལོ་རྒྱུས་ཀྱི་དོན་དངོས་དང་དཔང་རྟགས་ཀྱི་གཞི་འཛིན་ས་མེད་ཅེས་བརྗོད་པ་རེད། མིས་གཞི་རྩ་མེད་པའི་མངའ་ཁོངས་རྒྱ་སྐྱེད་དུ་གཏོང་བའི་འདོད་ཚུལ་འཛིན་པའི་བྱེད་སྟངས་དེ་ནི་རྡི་ལི་གསར་པས་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་བརྗོད་ཡོད། 

Oli ཀྱིས་ད་དུང་ཏོག་དབྱིབས་ནད་དུག་བལ་ཡུལ་དུ་ཁྱབ་སྤེལ་བྱས་པ་དེ་རྒྱ་གར་ལ་ཁག་དཀྲི་བྱས་ཡོད་པ་རེད། ནད་དུག་དེ་རིགས་རྒྱ་གར་ནས་བལ་ཡུལ་རྒྱལ་ནང་དུ་ཕྱིར་ལོག་མཁན་གྱི་ལུས་ཐོག་ནས་རྒྱ་ནག་དང་ཡང་ན་དབྱི་ཐ་ལིའི་མི་ལས་ཚབས་ཆེ་བ་ཡོད་ཅེས་བརྗོད་ཡོད། བཤད་ཚུལ་དེ་ནི་དགོས་ངེས་ཤིག་མིན་ལ་ཁུངས་ལུང་སྤུ་ཙམ་ཡང་མེད་པ་ཞིག་ཀྱང་རེད། འོན་ཀྱང་བལ་ཡུལ་སྲིད་བློན་གྱི་སྐད་ཆ་དེར་རྒྱ་གར་གྱིས་མཐོང་ཆུང་བྱེད་མི་རུང་། གང་ལགས་ཤེ་ན།དེས་ཁོང་གིས་རྒྱ་ནག་ཕྱོགས་པའི་རྣམ་པ་བསྟན་པས་རེད། གཞན་ཡང་དེས་ད་དུང་བལ་ཡུལ་དུ་ཐལ་སྐྱོད་མི་རིགས་རིང་ལུགས་ཀྱི་གཏམ་བརྗོད་སྤེལ་རྩིས་ཡོད་པ་རེད། འདི་ཡང་རང་ཉིད་ལ་བལ་ཡུལ་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འཇིགས་སྐུལ་མི་ཐེབས་པའི་ཆེད་དུ་ཡང་ཡིན་སྲིད། རྒྱ་གར་གྱིས་ངེས་པར་དུ་དོགས་ཟོན་བྱེད་དགོས།

འོན་ཀྱང་རྒྱལ་ཁབ་གཉིས་ཀར་དུས་རབས་ཁ་ཤས་རིང་གི་མཛའ་མཐུན་གྱི་འབྲེལ་བ་ཡོད་པའི་དབང་གིས་ཁོ་ཚོས་གང་མགྱོགས་ཅི་མགྱོགས་ཀྱིས་མཛའ་མཐུན་གྱི་སྒོ་ནས་གནད་དོན་དེ་ཐག་གཅོད་བྱ་དགོས། །།

རྩོམ་པ་པོ། Rattan Saldi   ཆབ་སྲིད་ཀྱི་དཔྱད་གཏམ་པ།