རྒྱ་ནག་གིས་ཨཕ་རི་ཀར་མ་འཛུགས་ཇེ་མང་དང་དེའི་རྩོད་རྙོག་ཇེ་ཆེ།

ཨེ་ཤི་ཡ་གླིང་ཆེན་གྱི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ལ་ཨཕ་རི་ཀ་གླིང་ཆེན་གྱི་གནས་ཚུལ་ནི་གསར་པ་གང་ཡང་མིན། རྒྱལ་ཁབ་གཉིས་ཀས་ཨཕ་རི་ཀ་རྒྱལ་ཁག་ལྷན་དུ་ལོ་རྒྱུས།ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་བཟོ་བཀོད་གནང་མུས་ཀྱིས་ཉེ་དུས་ཀྱི་ལོརཨཕ་རི་ཀ་གླིང་ཆེན་དུ་རྒྱ་དཀར་ནག་གཉིས་ཀྱི་ངོ་ཡོད་ཇེ་ཆེར་སོང་ཡོད། རྒྱ་དཀར་ནག་གཉིས་ཀྱིས་ཨཕ་རི་ཀའི་གླིང་ཆེན་ལྷན་དུ་ཚོང་འབྲེལ་བསྐྱར་གསོ་གནང་བའི་ད་ལྟའི་དུས་སྐབས་དེར་ཨཕ་རི་ཀ་སྤྱིའི་ཚོང་ལས་གནས་སྟངས་ཡར་རྒྱས་སོང་ཞིང་འཛམ་གླིང་ཀུན་གྱིས་ཨཕ་རི་ཀ་ཁྲོམ་རར་ངོས་འཛིན་ཇེ་ཆེར་སོང་བའི་དུས་སྐབས་སུ་ཆག་ཡོད། ཡིན་ནའང་འདས་པའི་ལོ་ཤས་ནང་རྒྱ་ནག་དང་ཨཕ་རི་ཀའི་འབྲེལ་ལམ་ནི་དེ་རྒྱ་ནག་གི་ལམ་བཟོ་འབྲེལ་མཐུད་ཀྱི་ལས་གཞི་བྷི་ཨར་ཨའི་གཙོ་དམིགས་ཡོད་འདུག། རྒྱ་ནག་གི་ལམ་བཟོ་འབྲེལ་མཐུད་མ་འཛུགས་ལས་གཞི་དེས་ཨཕ་རི་ཀའི་རྒྱལ་ཁབ་བྱེ་བྲག་སོ་སོར་རྗེསའབྲས་ཚབས་ཆེན་ཡོད། བྷི་ཨར་ཨའི་ལས་གཞི་འོག་རྒྱ་ནག་གིས་སྔ་རབས་ཀྱི་དར་རས་ལམ་བསྐྱར་བཟོ་གནང་བ་མ་ཟད། རྒྱ་ནག་དང་ཨཕ་རི་ཀ་གཉིས་ས་དང་མཚོ་ཐོག་གྱི་ལམ་བརྒྱུད་འབྲེལ་མཐུད་གནང་འདོད་པ་ཡིན། ཨ་རིའི་ཇོན་ཧོཔ་ཀིན་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་ཨཕ་རི་ཀ་ཉམས་ཞིབ་བལྟི་གནས་ཁང་གི་སྙན་ཐོར་ན་རྒྱ་ནག་གཞུང་གི་ཨེཀ་ཛིམ་དངུལ་ཁང་དང་དེའི་ཀམ་པ་ནི་ཁག་གིས་མཉམ་རུབ་ཐོག་གཞི་རྒྱ་ཆེ་བའི་རྨང་གཞི་འཛུགས་སྐྲུན་གྱི་ལས་གཞི་ཆེད་ཕྱི་ལོ་༢༠༠༠-༢༠༡༧ བར་ཧ་ལམ་་ཨ་སྒོར་ཐེར་འབུམ་༡༤༣ དངུལ་བུར་སྤྲོད་ཡོད་པ་འཁོད་འདུག། རྒྱ་ནག་གི་བྷི་ཨར་ཨའི་ལས་གཞི་དང་འབྲེལ་ཚོང་ལས་དང་ནུས་ཤུགས་ལམ་སྣ་མང་བཟོས་པ་སོགས་བྱེད་ལས་ཕལ་མོ་ཆེ་རྒྱ་ནག་གིས་རང་རེའི་རྒྱལ་འབྲེལ་ཐབས་བྱུས་ཀྱི་གཉེས་ཆུང་ཇེ་ཆུང་དུ་གཏོང་བ་དང། ཨཕ་རི་ཀའི་ཤར་ཕྱོགསམཚོ་ངོས་ཀྱི་རྒྱལ་ཁབ་ལྷན་དུ་ཚོང་ལས་དང་རྨང་གཞི་མཐུན་རྐྱེན་མ་འཛུགས་རྒྱ་སྐྱེད་ཀྱིས་རང་རེའི་ཆབ་སྲིད་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་འདུག། རྒྱ་ནག་གི་དམིགས་ཡུལ་འབད་པ་དེ་ཚོའི་དབུས་སུ་མཚོ་ཐོག་འབྲེལ་མཐུད་ལམ་གསར་པ་ཁ་ཕྱེ་པ་དང། འཛམ་གླིང་ཡོངས་སུ་རྒྱ་ནག་གི་རྒྱལ་འབྲེལ་ཐབས་བྱུས་ཀྱི་གྲུ་ཚུགས་འགྲོ་ས་ཆགས་ཡོད།

སྐབས་འདིར་ཤར་ཨཕ་རི་ཀའི་རྒྱལ་ཁབ་ཁག་མཚོ་ཐོག་དར་གོས་ལམ་ལ་ལྟེ་བ་ཆགས་ཞིང། རྒྱ་ནག་གི་ཀམ་པ་ནི་དང་གཡོར་མཁན་རྣམས་ཀྱི་མ་འཛུགས་བཟོ་བཀོད་ཐོག་འཆར་གཞི་དང་བྱེད་ལས་བརྒྱུད་གྲུ་ཚུགས། འདྲེན་ལམ། མེ་འཁོར་དང་གློག་འདོན་ས་ཚིགས་སོགས་བཟོས་བཞིན་ཡོད། རྒྱ་ནག་གིས་རང་རེའི་ལམ་བཟོ་ལས་གཞི་བྷི་ཨར་ཨའི་དང་མཚོ་ཐོག་དར་གོས་ལམབཟོ་ལས་གཞི་ཨེམ་ཨེས་ཨར་གཉིས་འོག་ཀེན་ཡཱ་མཚོ་ཐོག་གི་ལྟེ་དབུས་སུ་ངོས་འཛིན་གནང་སྟེ་མེ་འཁོར་དེང་དུས་སུ་སྒྱུར་བཅོས། ཀེན་ཡཱ་ནས་ལྷོ་སུ་ཌེན་བར་སྦུགས་མདོང་མཐུད་འདྲེན་གསར་བཟོ། ལཱ་མུ་གྲུ་ཚུགས་བཟོ་བསྐྲུན་ལ་སོགས་པའི་འབྲེལ་་ཆགས་ཀྱི་རྨང་གཞི་འཛུགས་སྐྲུནལས་གཞིར་ཨ་སྒོར་ཐེར་འབུམ་མང་པོ་མ་འཛུགས་གནང་ཡོད། དེ་སྒང་རྒྱ་ནག་གི་ཀམ་པ་ནིས་ཤར་ཨཕ་རི་ཀར་བྷི་ཨར་ཨའི་ལས་གཞི་གཉིས་གསར་འཛུགས་གནང་ཡོད། དེ་དག་ཏུ་མོམ་བྷ་སཱ་ནས་ནའི་རོ་བྷི་གཉིས་མཐུད་པའི་མེ་འཁོར་འབྲེལ་ལམ་དང། ཨ་ཌིས་ཨ་བྷ་བྷ་ནས་ཌུ་བྷོ་ཊུ་གཉིས་བར་གྱི་གློག་ཤུགས་ཀྱི་མེ་འཁོར་གསར་བཟོ་གནང་ཞིང། ཌི་བྷོ་ཊིར་རྒྱ་ནག་གི་ཕྱི་རྒྱལ་མཚོ་དམག་གི་སྒར་དང་པོ་གསར་འཛུགས་གནང་ཡོད། ཨཕ་རི་ཀར་རྨང་གཞི་འཛུགས་བསྐྲུན་དང་ཡར་རྒྱས་ཀྱི་ལས་གཞི་རྣམས་རྒྱ་ནག་གི་བྷི་ཨར་ཨའི་ལས་གཞིས་འགན་འཁུར་བྱེད་ཡང་འཛམ་གླིང་དངུལ་ཁང་གི་སྙན་ཐོར་གཞིགས་ན་ཨཕ་རི་ཀའི་རྒྱལ་ཁབ་མང་པོ་བུ་ལོན་གཏིང་ནང་ཐིམ་བཞིན་ཡོད་པ་འཁོད་འདུག།

ད་དུང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཕྱི་ལོ་༢༠༢༠ ལོར་ས་ཧ་ར་བྱེ་ཐང་གི་ལྷོ་ངོས་ཀྱི་ཨཕ་རི་ཀ་རྣམས་ཡར་རྒྱས་མྱུར་ཚད་ཀླད་ཀོར་འོག་གི་གྲངས་༥.༡ རུ་ལྷུང་ཡོད་འདུག། རྒྱ་ནག་གི་དངུལ་བོན་འགྲེམས་སྤྲོད་དང་དེའི་ཆ་རྐྱེན་གནས་བབས་རྣམས་དྭངས་གསལ་མེད་པས་དངངས་འཚབ་ཀྱི་གནས་སྟངས་གསར་པ་མགྱོགས་མྱུར་འཕར་བཞིན་ཡོད། དེ་དང་འབྲེལ་གཙུག་ལག་སློབ་དཔོན་དང་ཨཧྥི་རི་ཀ་རྒྱལ་ཞེན་པ་ནང་རྒྱ་ནག་གི་བྱ་སྤྱོདདེ་བུ་ལོན་རྒྱ་རྙི་རྒྱལ་འབྲེལ་ཐབས་བྱུས་ཞེས་བགྲོ་གླེང་ལྷུག་པོ་འགྲོ་བཞིན་ཡོད། དཔེར་ན་ཤྲིལངྐ་དང་པ་ཀོས་ཐན་གཉིས་རྒྱ་ནག་གི་བུ་ལོན་རྒྱ་རྙིར་ལྷུང་ནས་རྒྱལ་ཁབ་གཉིས་ཀས་རང་རེའི་རྒྱལ་འབྲེལ་རྒྱུ་དངོས་ཧམ་བྷན་ཊོ་ཊ་དང་གྷཝ་ཌར་གྲུ་ཚུགས་རྒྱ་ནག་ལ་འདོད་མེད་སྤྲོད་དགོས་འཁེལ་པ་ལྟ་བུ་ཡིན། གནས་སྟངས་དེ་ཡི་རང་བཞིན་གྱིས་ཨཧྥི་རི་ཀར་ཉེན་ཁའི་དྲིཔ་བརྡ་ཆེན་པོ་ལངས་ཡོད། ཨཧྥི་རི་ཀིའི་ཉམས་ཞིབ་པ་གཞིར་བཟུང་བྱེད་ན་རྒྱ་ནག་ལ་དངུལ་བོན་སྐྱིན་ཚབ་སྤྲོད་ཐབས་ལ་སེམས་ཁྲལ་མེད་པར་རྨས་སྐྱོན་གཏོང་སླ་བའི་ཨཧྥི་རི་ཀའི་རྒྱལ་ཁབ་ལ་རིན་གོང་ཆུང་ངུ་དང་རྒྱུན་གནས་མི་ཐུབ་པའི་དངུལ་བོན་སྤྲོད་ཚབ་དུ་རྒྱལ་ཁབ་གི་རྒྱུ་དངོས་གལ་ཆེ་གཏེང་པ་ཐོབ་འདོདཔ་ཡིན། ཉེ་ཆར་གསར་འགོད་གནས་ཚུལ་ཞིག་ཏུ་རྒྱ་ནག་གིས་ཛམ་བྷིབུར་རོགས་དངུལ་གྱི་ཚབ་དུ་ཟངས་གཏེར་ལས་རྒྱུ་དངོས་གཏེར་ཁར་སླང་པ་གནས་ཚུལ་ཐོན་ཡོད།

རྒྱ་གར་གྱིས་ཕྱོགས་གཞན་དུ་ཨཧྥི་རི་ཀ་རང་རྒྱལ་གྱི་ཕྱི་སྲིད་གནད་དོན་དུ་གལ་ཆེ་དོན་ཆེན་ཡིན་པ་གསལ་བསྒྲགས་གནང་འདུག། རྒྱ་གར་གྱིས་ཤར་ཨཧྥི་རི་ཀའི་རྒྱ་གར་རྒྱ་མཚོའི་ཆུ་ངོགས་ཀྱི་རྒྱལ་ཁབ་ཁག་ཏུ་དམག་དཔུང་རོགས་སྐྱོར། ལས་རིགས་སློབ་སྦྱོང་དང་སྦྱོང་བསྡར་རོགས་སྐྱོར་སོགས་ཀྱི་བརྒྱུད་འབྲེལ་ལམ་བྱེད་ཡོད། རྒྱ་གར་གྱིས་ཕྱི་ལོ་༢༠༡༤ ནས་ཕྱོགས་གཉིས་དང་ཕྱོགས་དུ་མ་ལྡན་པའི་མཐུན་འགྱུར་བཟོ་དབྱིབས་འདྲ མིན་བསྐྱར་གསོ་དང་གོང་འཕེལ་གཏོང་ཡོད། དེ་བཞིན་མཚོ་གླིང་རྒྱལ་ཁབ་ཆུང་བ་སི་ཤེ་ལཱས་དང་མཔ་རི་ཤས་ལ་སོགས་པའི་ལྷན་དུ་འབྲེལ་ལམ་མཐུན་སྦྱོར་ཡར་འདེགས་གཏོང་ཡོད། རྒྱ་གར་གྱིས་མོ་སཱམ་དང་ཨེ་ཤི་ཡ་ཨཧྥི་རི་ཀ་འཕེལ་རྒྱས་ཀོ་རི་ཌོར་ལས་གཞི་གཉིས་ཀྱི་བརྒྱུད་རྒྱ་གར་དང་ཨཧྥི་རི་ཀའི་རྒྱལ་ཁབ་བར་མཐུད་སྦྱོར་དང་འབྲེལ་ལམ་གཏིང་ཟབ་ཤུགས་ཆེ་གཏོང་བར་འདོད་པ་ཡིན་འདུག། རྒྱ་གར་གྱིས་ཕྱི་སྲིད་སྲིད་བྱུས་ལས་འགུལ་ཤུགས་ཆེ་གཏོང་བ་དང། ཨཧྥི་རི་ཀའི་མངའ་ཁུལ་དུ་རྒྱལ་འབྲེལ་་ཐབས་བྱུས་ཇེ་ཆེར་གཏོང་བའི་དུས་ལ་བབས་ཡོད། རྒྱ་གར་རྒྱལ་སྤྱིའི་སྡིངས་ཆར་སྟོབས་ཆེན་འཁྲབ་སྟོན་པ་ཞིག་ཏུ་ཡར་ཐོན་ཡོངས་བར་ཨཧྥི་རི་ཀ་ནི་ཤིན་ཏུ་གལ་ཆེ་ཆགས་ཡོད་དོ།

མ་ཟིན། མུམ་བེ་གཙུག་ལག་སློབ་གྲྭ་ཆེན་མོོའི་ཨཧྥི་རི་ཀའི་སློབ་གཉེར་བལྟི་གནས་ཁང་གི་གཙུག་ལག་སློབ་དཔོན་ཨ་པར་ཇི་ཏཱ་བྷི་ཝས།